ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སུ་ཁུ་ཧྥུ་ཡིས་ཨུ་རུ་སུ་དང་ནུབ་ཕྱོགས་བར་གྱི་བདེ་འཇགས་གནད་དོན་ལ་ཕྱོགས་འགལ་ཆེན་པོ་འདུག་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས13ཉིན། ཨུ་རུ་སུའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སུ་ཁུ་ཧྥུ་ཡིས་བསྟན་དོན། ཉེ་སྔོན་ཨུ་རུ་སུ་ཡིས་ཨ་མེ་རི་ཁ་དང་བྱང་ཆིངས་བར་གྱི་བདེ་འཇགས་འགན་སྲུང་ཐད་ཀྱི་གླེང་མོལ་ལ་གྲུབ་འབྲས་ཆེན་པོ་མ་ཐོབ་པ་ནི་ཕྱོགས་སོ་སོའི་གཞི་རྩའི་གནད་དོན་སྟེང་ཕྱོགས་འགལ་ཆེན་པོ་ཡོད་པས་རེད། 

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཕའེ་སུ་ཁུ་ཧྥུ་ཡིས་ཉིན་དེར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨུ་རུ་སུ་ཡིས་ཨ་མེ་རི་ཁ་དང་བྱང་ཆིངས་བར་བདེ་འཇགས་གླེང་མོལ་བྱས་པ་ནི་ཆེད་དམིགས་ཀྱི་གཞི་རྩའི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་བཤེར་བྱས་པ་ཡིན་མོད། ཕྱོགས་སོ་སོའི་གཞི་རྩའི་གནད་དོན་ཐད་ལ་ལྟ་ཚུལ་མི་མཐུན་པ་བྱུང་འདུག 

ཁོས་བསྟན་དོན། ཨུ་རུ་སུས་ནམ་ཡང་ཆབ་སྲིད་ཐད་གྲོས་མོལ་དང་རྒྱུན་མཐུད་གླེང་མོལ་བྱེད་པའི་བསམ་འདུན་དེ་དོར་མ་མྱོང་ལ། ཨུ་རུ་སུ་ཕྱོགས་ཀྱིས་ཀྱང་གྲུབ་འབྲས་བཟང་བོ་ལོན་པའི་བྱེད་ཐབས་འཚོལ་བཤེར་བྱེད་པ་ལས་གྲོས་མོལ་གྱི་ཆེད་དུ་གྲོས་མེལ་བྱེད་མི་རུང་ཞེས་ནན་གྱིས་བསྟན།

ཨ་མེ་རི་ཁའི་ཆབ་སྲིད་པས་ཨུ་རུ་སུ་ལ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བའི་གཏམ་བརྗོད་ཐད་ལ་ཕའེ་སུ་ཁུ་ཧྥུ་ཡིས།  “ཐེངས་འདིའི་གླེང་མོལ་ལ་གྲུབ་འབྲས་ཆེན་པོ་མ་ཐོབ་མོད། ང་ཚོས་སྔར་བཞིན་འབད་བརྩོན་བྱེད་བཞིན་ཡོད། འདི་འདྲའི་བཀག་སྡོམ་བྱེད་པ་ནི་གཉིས་ཕན་ཐག་གཅོད་ཀྱི་ཇུས་གཞི་འདོན་པར་ཕན་པ་ཅི་ཡང་མེད”ཞེས་བཤད། 

ཉེ་དུས། ཨུ་རུ་སུ་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་དུ་བདེ་འཇགས་གནད་དོན་ཐད་གླེང་མོལ་རབ་དང་རིམ་པ་བྱས་ཤིང་། ཨུ་རུ་སུ་ཡིས་ཚེས10ཉིན་ཨ་མེ་རི་ཁ་དང་མཉམ་དུ་རི་ནེ་ཝ་རུ་བདེ་འཇགས་གླེང་མོལ་བྱས་པ་དང་། བྱང་ཆིངས-ཨུ་རུ་སུའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཚེས12ཉིན་ལུའུ་སའེ་ཨེར་རུ་ཡོད་པའི་བྱང་ཆིངས་སྤྱི་ཁྱབ་པུའུ་རུ་བསྡུས། ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་གླེང་མོལ་ཐེངས་གསུམ་པ་དེ་ཨོ་གླིང་ཞི་བདེ་དང་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞི་འོག་ཚེས13ཉིན་ཝེ་ཨིན་ན་རུ་བསྡུ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།