ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གིས་གྲོས་ཚོགས་ཐོག་མ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་གྲོས་ཚོགས་ཐོག་མ་བསྡུས་ཏེ། སྐབས་སྔོན་མའི་གྲོས་དཔོན་ཧཱ་པུའུ་ཞེ་ཡང་བསྐྱར་གྲོས་དཔོན་དུ་བདམས། 

ཉིན་དེའི་གྲོས་ཚོགས་ལ་ཐོག་མར་དགུང་ལོ་ཆེས་མཐོ་བའི་གྲོས་མི། སྔོན་ཆད་ཀྱི་གྲོས་དཔོན་མཱ་ཧྲི་ཧཱ་ཏཱ་ནེ་ཡིས་མགོ་འཛིན་བྱས་པ་དང་། གསར་དུ་བདམས་པའི་རྒྱལ་དམངས་གྲོས་ཁང་གི་གྲོས་མི་སུམ་བརྒྱ་དང་ཉེར་དགུའི་གྲས་ཀྱི་མི་སུམ་བརྒྱ་དང་ཉེར་ལྔ་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་མགོ་བརྩམས་རྗེས་ཕྱོགས་ཁག་མི་འདྲ་བའི་གྲོས་མིའི་བར་ཁ་རྩོད་དྲག་པོ་བྱུང་བ་དང་། མཱ་ཧྲི་ཧཱ་ཏཱ་ནེ་ཡི་ལུས་ཕུང་ལ་གློ་བུར་དུ་མི་བདེ་བའི་ཚོར་སྣང་བྱུང་བས་མྱུར་མོར་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དགོས་པས་གྲོས་ཚོགས་མཚམས་བཞག་པ་རེད། 

དེའི་རྗེས་སུ་གྲོས་ཚོགས་དེ་གྲོས་མི་ཏའེ་ལཱ་ཅི་ཡི་ཚབ་བྱེད་མགོ་འཛིན་བྱས་འོག་སྤེལ་བ་དང་། གྲོས་མི་ཉིས་བརྒྱ་དང་ཉེར་བརྒྱད་མུ་མཐུད་དུ་གྲོས་ཚོགས་ལ་ཞུགས། ཧཱ་པུའུ་ཞེ་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་དུ་བདམས་ཡོད། ཉིན་དེའི་དགོང་མོར་འདེམ་ཤོག་འཕེན་སྐབས། ཀྲ་མུས་ལེ་དང་ཨ་པུའུ་ཏུའུ་ལཱ་གཉིས་སོ་སོར་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་དང་པོ་དང་གྲོས་དཔོན་གཞོན་པ་གཉིས་པར་བདམས། 

དབྱི་རག་གིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་བར་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་མཇུག་མཐའི་མཇུག་འབྲས་ལ་ཆོག་མཆན་བཀོད། དབྱི་རག་གི་རྩ་ཁྲིམས་གཏན་འཁེལ་ལྟར་ན། གྲོས་དཔོན་གྱི་འགན་ཞོང་ནེ་ཕྱོགས་ཁག་གིས་ཁུར་དགོས་པ་དང་། གྲོས་དཔོན་གཞོན་པ་གཉིས་སོ་སོར་ཧྲི་ཡེ་ཕྱོགས་ཁག་དང་ཁུའུ་ཨར་ཏིའི་མི་ལས་བདམས་ཐོན་བྱེད་དགོས། གྲོས་ཁང་གིས་གྲོས་ཚོགས་ཐོག་མ་བསྡུས་རྗེས་ཀྱི་ཉིན་སུམ་ཅུའི་ནང་ཙུང་ཐུང་གསར་བ་གདམ་དགོས་པ་རེད། གསར་དུ་བསྐོ་འཇོག་བྱས་པའི་ཙུང་ཐུང་གིས་དེའི་རྗེས་ཀྱི་གྲོས་ཁང་གི་ཆེས་ཆེ་བའི་ཏང་ཚོགས་ཀྱིས་མཚམས་སྦྱོར་བྱས་པའི་མི་སྣ་གཏན་འཁེལ་བྱས་ཏེ་ཙུང་ལི་གསར་བར་བསྐོ་འཇོག་བྱེད་དགོས་ལ། ཉིན་སུམ་ཅུའི་ནང་སྲིད་གཞུང་སྲིད་འཛིན་ལས་ཁུངས་ཀྱི་མི་སྣའི་མིང་འདོན་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།