ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་མཱ་ལི་ལ་བཀག་སྡོམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ཚེས་དགུ་ཉིན་མཱ་ལི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱས་ཏེ། མཱ་ལིའི་བར་བརྒལ་སྲིད་གཞུང་གིས་མྱུར་མོར་དམངས་གཙོའི་སྒྲིག་ལམ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཁྱབ་བསྒྲགས་བྱས། 

ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཉིན་དེར་ཀཱ་ནཱའི་རྒྱལ་ས་ཨ་ཁི་ལཱ་ནས་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། མཱ་ལིའི་ཆབ་སྲིད་གནས་བབ་ཐད་ལ་གྲོས་བསྡུར་བྱས། མཐོ་རིམ་གྲོས་ཚོགས་ཀྱི་རྗེས་སུ་སྤེལ་བའི་སྤྱི་སྒྲོག་ལྟར་ན། མཱ་ལིའི་བར་བརྒལ་སྲིད་གཞུང་ལ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པའི་ཡར་སྔོན་ཆབ་སྲིད་བར་བརྒལ་ཡོངས་འགྲུབ་བྱེད་པའི་རེ་འདུན་མེད་པས། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་དེའི་སྔོན་གྱི་མཱ་ལིའི་བར་བརྒལ་སྲིད་གཞུང་གི་བཀག་སྡོམ་སོར་འཇོག་བྱས་པའི་ཞོར་དུ། བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཐག་བཅད། 

སྤྱི་སྒྲོག་ལས་བཤད་རྒྱུར། བཀག་སྡོམ་བྱེད་ཐབས་གསར་བའི་ནང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མྱུར་མོར་མཱ་ལི་རུ་སྡོད་པའི་གཞུང་ཚབ་པ་ཕྱིར་འབོད་པ་དང་། མཱ་ལི་བར་གྱི་སྐམ་ས་དང་བར་སྣང་གི་རྒྱལ་མཚམས་བཀག་སྡོམ་བྱེད་པ། མཱ་ལིའི་བར་གྱི་དངུལ་ལོར་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོངས་མཚམས་འཇོག་དགོས་ཀྱང་། སྨན་རྫས་དང་སྨན་བཅོས་མཁོ་དངོས། རྡོ་སྣུམ་དང་གློག་ཤུགས་སོགས་ཀྱི་མཁོ་འདོན་མཚམས་འཇོག་དགོས་མེད། མཱ་ལིའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཀྲུང་དབྱང་དངུལ་ཁང་གི་རྒྱུ་ནོར་ཉར་འཇོག་བྱེད་པ་སོགས་འདུས། མཱ་ལིའི་བར་བརྒལ་སྲིད་གཞུང་གིས་མཇུག་མཐར་དང་ལེན་བྱེད་ཐུབ་པའི་བར་བརྒལ་དུས་ཚོད་རེའུ་མིག་གཏན་འཁེལ་བྱས་ཏེ། འདེམ་བསྐོའི་བྱ་བ་ལག་ལེན་དུ་བསྟར་ནས་མི་རྣམས་ཡིད་ཚིམས་པའི་གྲུབ་འབྲས་བྱུང་རྗེས། བཀག་སྡོམ་བྱེད་ཐབས་དེ་དག་ད་གཟོད་རིམ་གྱིས་མེད་པར་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།