ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་སི་རི་ཡཱ་ཡིས་འཛིན་བཟུང་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་གི་ཁོངས་མི་ལྔ་བཅུ་དང་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། དབྱི་རག་གི་བདེ་འཇགས་དམག་དཔུང་གིས་ཉིན་དེར་སི་རི་ཡཱ་ཡིས་འཛིན་བཟུང་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་གི་ཁོངས་མི་ལྔ་བཅུ་དང་ལེན་བྱས་ཡོད་ཟེར། 

དབྱི་རག་གི་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་དང་སི་རི་ཡཱའི་ཕྱོགས་ཀྱིས་མཐུན་སྦྱོར་བྱས་འོག སི་རི་ཡཱ་ཕྱོགས་ཀྱིས་དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་གྱི་མཐའ་མཚམས་གྲུ་ཁ་ཞིག་ནས་དབྱི་རག་ཕྱོགས་ལ་སི་རི་ཡཱའི་མངའ་ཁོངས་ནས་འཛིན་བཟུང་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་གི་ཁོངས་མི་ལྔ་བཅུ་བརྒྱུད་སྤྲོད་བྱས། དབྱི་རག་ནང་སྲིད་པུའུ་ཡི་གསང་འཕྲིན་དང་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡིས་མི་དེ་དག་དང་ལེན་བྱས་པར་མ་ཟད་ཁོ་ཚོར་རྟོག་ཞིབ་བྱེད་རྒྱུ་རེད། 

དབྱི་རག་སྲིད་གཞུང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་རྒྱལ་ཁ་བླངས་ཡོད་པ་ཁྱབ་བསྒྲགས་བྱས་རྗེས། ཐལ་སྤྱོད་རྩ་འཛུགས་དེའི་ལྷག་འཕྲོའི་སྟོབས་ཤུགས་གཙོ་བོ་དབྱི་རག་དང་སི་རི་ཡཱའི་འབྲེལ་མཚམས་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད་ལ། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་ལོ་སྟོད་དུ་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ད་རུང་ཁོངས་མི་ཁྲི་གཅིག་ཙམ་ལྷག་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།