ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་དམག་དཔུང་མུ་མཐུད་དུ་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་གཅིག་འདུས་བྱེད་པ་ལས་འཁྲུག་རྩོད་འབྱུང་བའི་ཉེན་ཁ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་གང་ཡང་སྤྱད་མེད་པ་དང་། མུ་མཐུད་དུ་ཝུའུ་ཁི་ལན་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་དམག་དཔུང་རྒྱ་ཆེན་པོ་གཅིག་འདུས་བྱས་ཡོད་པས། དེ་ལས་འཁྲུག་རྩོད་འབྱུང་བར་དོན་དངོས་ཀྱི་ཉེན་ཁ་བཟོས་ཡོད་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱི་དམིགས་བསལ་གྲོས་ཚོགས་ཉིན་དེར་དྲ་ཐོག་ནས་སྤེལ། གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཨུ་རུ་སི་ཡིས་མཐའ་མཚམས་ས་ཁུལ་དུ་དམག་དོན་གཅིག་འདུས་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་པ་དེ་རེད། སི་ཐའོ་ཨར་ཐིན་པེ་ཀི་ཡིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་དམག་དོན་གཅིག་འདུས་སྣང་ཚུལ་དེ་ལས་ཡོ་རོབ་གླིང་གི་བདེ་འཇགས་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད། བྱང་ཆིངས་རྩ་འཛུགས་ཀྱིས་མིག་སྔར་མུ་མཐུད་དུ་སྟོབས་དང་ལྡན་པའི་ཟིལ་ཤུགས་དང་འགོག་སྲུང་དང་། དེ་མིན་དོན་སྙིང་ལྡན་པའི་གྲོས་མོལ་ཏེ་བྱེད་ཐབས་ཟུང་ལྡན་བེད་སྤྱོད་དེ་ཨུ་རུ་སིའི་དོན་ལ་འབད་འབུངས་བྱེད་བཞིན་ཡོད། ཁོས་ཨུ་རུ་སི་གྲོས་མོལ་ལ་ཞུགས་པ་དང་། ཁྱད་པར་དུ་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སི་ཡིས་ལས་འཛིན་ལྷན་ཚོགས་ཀྱི་སྒྲོམ་གཞིའི་འོག་གྲོས་མོལ་བྱེད་པར་དགའ་བསུ་ཞུས། 

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་ལ་དམིགས་པའི་དཔུང་འཇུག་གང་ཡིན་ཡང་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པ་དང་། ཨུ་རུ་སི་ལ་ཆམ་ཕབ་དྲག་པོ་ཐེབས་སྲིད་པ་ནན་གྱིས་བསྟན། བྱང་ཆིངས་རྩ་འཛུགས་ཀྱིས་གང་ནུས་ཀྱིས་དྲག་ཤུགས་སྤྱོད་པར་སྔོན་འགོག་བྱེད་པ་དང་། དེའི་ཞོར་དུ་གྲོས་མོལ་དང་ཕྱི་འབྲེལ་གྱི་འབྲེལ་འདྲིས་ལས་ཕམ་ཉེས་འབྱུང་བར་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཅིག་ལ་དཔུང་འཇུག་བྱས་ན། བྱང་ཆིངས་རྩ་འཛུགས་ཧྲིལ་བོར་དཔུང་འཇུག་བྱས་པ་དང་གཅིག་འདྲ་ཡིན་ཟེར། 

ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐེངས་མང་བོར་མ་མཐའི་ཚད་ཐིག་བཏོན་མྱོང་། ཁོས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་མང་བོར་བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་དུ་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་དེ་དང་ལེན་གཏན་ནས་བྱེད་མི་ཐུབ་པ་གསལ་བོར་བསྟན་ཡོད་ཟེར། ཕུའུ་ཅིན་གྱིས་དེའི་ཞོར་དུ་ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་ཀྱིས་ཤར་དུ་རྒྱ་བསྐྱེད་མཚམས་འཇོག་པ་དང་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་འཇིགས་སྐུལ་རང་བཞིན་གྱི་མཚོན་ཆའི་མ་ལག་བཀོད་སྒྲིག་མི་བྱེད་པའི་ཐད་ནས་ཨུ་རུ་སི་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན་ཡོད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།