ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་སྡེ་བ་ཞིག་ཏུ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་ང་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་མངའ་སྡེའི་སྡེ་བ་འགར་ཉེ་སྔོན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ང་བརྒྱད་རྐྱེན་ལམ་དུ་ཤོར། 

ཀྲ་མུའུ་ཧྥ་ལཱ་མངའ་སྡེའི་མགོ་བའི་མགྲིན་ཚབ་པ་ཀྲ་ཝུའུ་མཱ་ཡིས་ཚེས་བརྒྱད་ཉིན་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཚེས་ལྔ་ཉིན་དང་ཚེས་དྲུག་ཉིན་སྔ་གཞུག་ཏུ་མངའ་སྡེ་དེའི་ཨན་ཁཱ་ས་ཁུལ་དང་པུའུ་ཁུའུ་ཡུག་མུའུ་ས་ཁུལ་གྱི་སྡེ་བ་འགར་འཇབ་རྒོལ་བྱས་པ་དང་། སྡོད་ཁང་མང་བོ་མེར་བསྲེགས། མིག་སྔར་ཉུང་མཐར་ཡང་མི་ང་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཀྲ་ཝུའུ་མཱ་ཡིས་བཤད་རྒྱུར། མངའ་སྡེའི་མགོ་བ་མཱ་ཐཱ་ཝ་ལའེ་འཇབ་རྒོལ་ཐེབས་སའི་སྡེ་བར་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ་འདས་པོར་མྱ་ངན་ཞུས། མཱ་ཐཱ་ཝ་ལའེ་ཡིས་མངའ་སྡེའི་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་བཏང་ནས་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན་བྱས། 

ཉེ་བའི་ཟླ་ངོ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་མང་བོར་ཤི་རྨས་ཐེབས་ཡོད་པའམ་ཡང་ན་བཙན་ཁྲིད་དོན་རྐྱེན་བཟོས་ཡོད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།