ཀྲུང་གོ་བོད་ཀྱི་དྲ་བ།

ཕེ་རུའི་རྒྱལ་ས་ལེ་མཱ་ཡི་ཉེ་འདབས་སུ་ཚད་རིམ་ལྔ་དང་གྲངས་ཆུང་དྲུག་གི་ས་ཡོམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕེ་རུའི་རྒྱལ་ས་ལེ་མཱ་ཡི་ཉེ་འདབས་སུ་ཚེས་བདུན་ཉིན་ཚད་རིམ་ལྔ་དང་གྲངས་ཆུང་དྲུག་གི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་བྱུང་བ་དང་རྒྱུ་ནོར་གྱོང་གུད་ཐེབས་པའི་སྙན་ཞུ་བསྒྲགས་མེད། 

ཕེ་རུའི་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གིས་བསྒྲགས་པ་ལྟར་ན། ས་འགུལ་དེ་ཚེས་བདུན་ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་ཉེར་བདུན་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་དེ་ལེ་མཱའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་བཅུ་དགུའི་མཚམས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་བཅུ་དྲུག་ཡོད་པ་རེད་ཟེར། 

ལེ་མཱ་དང་དེའི་ཉེ་འཁོར་ས་ཁུལ་དུ་ཡོམ་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་སྟེ། ས་དེའི་སྡོད་དམངས་ཀྱི་སེམས་ཁ་བདེ་རུ་འབབ་མི་ཐུབ་པའི་སྣང་ཚུལ་བྱུང་། ཕེ་རུའི་རྒྱལ་སྲུང་སྡེ་ཁག་གིས་སྡོད་དམངས་ཀྱིས་གཏན་འཇགས་སྲུང་འཛིན་བྱེད་དགོས་པ་དང་། བྲེལ་མྱུར་བདེ་འཇགས་ཀྱི་འབུད་སྒོ་གསལ་བོར་ངེས་པར་བྱས་ནས་ཉེན་ཁ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཕེ་རུ་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་བསྐོར་བའི་ས་ཡོམ་མང་བའི་གནས་སུ་ཡོད་པ་དང་། ས་ཡོམ་མང་དུ་འབྱུང་བའི་རྒྱལ་ཁབ་ཅིག་རེད། ཉིས་སྟོང་བདུན་ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཕེ་རུའི་དབྱེ་ཁཱ་ཞིང་ཆེན་དུ་ཚད་རིམ་བདུན་དང་གྲངས་ཆུང་ལྔའི་ས་ཡོམ་བྱུང་སྟེ། མི་དྲུག་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་ཉིས་བརྒྱ་ལྷག་ལ་རྨས་ཕོག་ཡོད།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།