ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་ཡོ་རོབ་གླིང་གི་བདེ་འཇགས་དང་འབྲེལ་བའི་ཇུས་གཞིའི་ནང་ཡོ་རོབ་གླིང་མནའ་འབྲེལ་ངེས་པར་དུ་ཞུགས་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས་བདུན་ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་བསྟན་དོན། ཡོ་རོབ་གླིང་གི་བདེ་འཇགས་དང་འབྲེལ་བའི་ཇུས་གཞིའི་ནང་ཡོ་རོབ་གླིང་མནའ་འབྲེལ་ངེས་པར་དུ་ཞུགས་དགོས་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་བདེ་འཇགས་ཀྱི་སྒྲོམ་གཞིའི་ནང་རང་ཉིད་ཀྱི་འདོད་བློ་འདོན་རྒྱུ་ཡིན་ཟེར། ཁོ་མོས་ཝུའུ་ཁི་ལན་གྱི་གནས་བབ་དང་འབྲེལ་བའི་གནད་དོན་ལ་ལན་འདེབས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། 

ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་མཉམའ་བྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ། ཧྥ་རན་སི་ཡིས་ཟླ་དང་པོའི་ཚེས་གཅིག་ཉིན་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཡོད། 

ཨུ་རུ་སི་དང་ཨ་མེ་རི་ཁ། བྱང་ཆིངས་རྩ་འཛུགས་སོགས་རྩ་འཛུགས་ཀྱིས་ཉེ་སྔོན་བདེ་འཇགས་གྲོས་མོལ་རབ་དང་རིམ་པ་སྤེལ་ཡོད་ལ། གྲོས་གཞི་དེ་ཝུའུ་ཁི་ལན་གྱི་གནས་བབ་ལ་འབྲེལ་ཡོད། ཧྥུན་ཏི་ལའེ་ཨིན་གྱིས་བསྟན་དོན། འབྲེལ་ཡོད་ཀྱི་ཐག་གཅོད་ཇུས་གཞིའི་ནང་ཡོ་རོབ་གླིང་མནའ་འབྲེལ་ངེས་པར་དུ་ཞུགས་དགོས། ཡོ་རོབ་གླིང་བདེ་འཇགས་ཀྱི་སྒྲོམ་གཞིར་འབྲེལ་བས། ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་ཉིད་ཀྱི་འདོད་བློ་ཁྱེར་ནས་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར། 

ཁོ་མོས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ལ་ངེས་པ་དོན་གྱི་འགོག་སྲུང་མནའ་འབྲེལ་ཡོད་པ་དང་། མ་འོངས་པའི་འཇིགས་ཉེན་གསར་བ་ཐག་གཅོད་བྱེད་དགོས། ཡོ་རོབ་གླིང་གི་ཐུན་མོང་འགོག་སྲུང་འཛུགས་སྐྲུན་དེ་ངེས་པར་དུ་མྱུར་མོར་སྤེལ་དགོས་ཟེར། 

མཱ་ཁི་ལུང་གིས་བསྟན་དོན། མ་འོངས་པའི་ཉིན་འགའ་དང་གཟའ་འཁོར་འགའི་ནང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་རང་སྟེང་གི་བདེ་འཇགས་ཐད་འགུལ་སྐྱོད་མངོན་གསལ་སྤེལ་དགོས། ཡོ་རོབ་གླིང་བདེ་འཇགས་སྒྲོམ་གཞི་དང་འབྲེལ་བའི་ཆིངས་ཡིག་དེ་ཐོག་མར་ཡོ་རོབ་གླིང་མི་དང་འབྲེལ་བའི་དོན་ཞིག་རེད། ཁོས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བར་ལྷག་བསམ་རྣམ་དག་དང་མཐུན་སྦྱོར་བྱེད་པའི་གྲོས་མོལ་སྤེལ་ནས། ཡོ་རོབ་གླིང་བདེ་འཇགས་སྒྲོམ་གཞི་ལས་ཀྱང་ངེས་པར་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་དགོས་མཁོ་ལེགས་སྒྲིག་བྱེད་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།