ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་པཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ཡང་བསྐྱར་ཁུ་པཱའི་དཔོན་རིགས་ལ་བཀག་སྡོམ་བྱེད་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས་དྲུག་ཉིན་ཨ་མེ་རི་ཁས་ཡང་བསྐྱར་ཁུ་པཱའི་སྲིད་གཞུང་གི་དཔོན་རིགས་ལ་ལམ་ཡིག་ཚད་བཀག་བྱེད་ཐབས་ལག་བསྟར་བྱས་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་ཁབ་རང་གི་འདོད་བློ་རྒྱལ་ཁབ་གཞན་པའི་མགོར་བཙན་འཇོག་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས་དྲུག་ཉིན་ཁུ་པཱའི་སྲིད་གཞུང་གི་དཔོན་རིགས་བརྒྱད་ལ་ལམ་ཡིག་ཚད་བཀག་བྱེད་ཐབས་ལག་བསྟར་བྱས་ཤིང་། རྒྱུ་མཚན་ནི་ཁོ་ཚོ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པར་ཁུ་པཱ་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་བྱ་འགུལ་ནང་ཞུགས་པའི་མང་ཚོགས་བཀག་འཇུག་དང་འདྲི་གཅོད། གཏན་འགོག་བཅས་བྱེད་པར་ཞུགས་པས་རེད། 

ལོ་ཏི་ལི་ཀི་སི་ཡིས་ཉིན་དེར་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཕྱོགས་གཅིག་གི་བཙན་ཤེད་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་རང་གི་འདོད་བློ་དེ་རྒྱལ་ཁབ་གཞན་པའི་སྲིད་གཞུང་གི་མགོར་བཙན་འཇོག་བྱེད་པ་རྒྱུན་འཁྱོངས་བྱེད་ཀྱང་། ཨ་མེ་རི་ཁའི་བྱེད་ཐབས་དེས་ཁུ་པཱ་ཡིས་རང་གི་བདག་དབང་དང་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བསྒྱུར་ཐབས་གཏན་ནས་མེད་ཟེར། 

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། ཁུ་པཱའི་ས་ཁུལ་སྐོར་ཞིག་ཏུ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་། ཁུ་པཱའི་སྲིད་གཞུང་གིས་དེའི་རྗེས་སུ་འབྲེལ་ཡོད་བདེན་དཔང་བསྟན་ནས། བྱ་འགུལ་དེར་ཨ་མེ་རི་ཁའི་སྲིད་གཞུང་གིས་ཐད་ཀར་ཐེ་གཏོགས་བྱས་ཏེ་ཁུ་པཱའི་སྤྱི་ཚོགས་གཏན་འཇགས་ལ་གཏོར་བརླག་བྱེད་རྩིས་བྱས་ཟེར། ཁུ་པཱའི་སྲིད་གཞུང་གིས་ད་རུང་ཨ་མེ་རི་ཁའི་ཁུ་པཱའི་བཀག་སྡོམ་མེད་པར་གཏོང་དགོས་པ་དང་ཁུ་པཱའི་བདག་དབང་ལ་བརྩི་འཇོག་བྱེད་དགོས་པའི་རེ་བ་བཏོན། ཨ་མེ་རི་ཁའི་སྲིད་གཞུང་གིས་དེའི་རྗེས་སུ་ཐེངས་མང་བོར་ཁུ་པཱའི་སྲིད་གཞུང་གིས་མང་ཚོགས་ལ་དྲག་གནོན་བྱས་པ་རྒྱུ་མཚན་དུ་བྱས་ནས། ཁུ་པཱའི་དཔོན་རིགས་དང་ཚོགས་པར་བཀག་སྡོམ་བྱེད་ཐབས་སྤྱད་པ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།