དབྱི་ལིང་ཙུང་ཐུང་གིས་མཐོ་རིམ་དམག་དཔོན་སུའུ་ལའེ་མན་ནེ་ལྐོག་གསོད་བྱེད་པའི་ལག་དམར་ལ་ཆད་གཅོད་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གསུམ་ཉིན། དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས། མང་ཚོགས་ཀྱིས་སུའུ་ལའེ་མན་ནེ་ལ་རྗེས་དྲན་བྱེད་པའི་ཚོགས་ཆེན་སྟེང་དབྱི་ལིང་གི་རྒྱལ་དར་འཕྱར་ནས་སུའུ་ལའེ་མན་ནེ་ཡི་སྐུ་འདྲ་བཟུང་ཡོད། 

དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་གསུམ་ཉིན་ཏི་ཧེ་ལན་ནས་གཏམ་བཤད་སྤེལ་ཏེ། དབྱི་ལིང་གི་མཐོ་རིམ་དམག་དཔོན་སུའུ་ལའེ་མན་ནེ་ལྐོག་གསོད་བྱེད་པར་ཞུགས་པའི་ལག་དམར་ལ་ཆད་གཅོད་ནན་མོ་བྱེད་དགོས་པའི་རེ་བ་བཏོན། 

དབྱི་ལིང་གི་ས་ཁུལ་སོ་སོས་ཉིན་དེར་རྗེས་དྲན་བྱ་འགུལ་སྤེལ་ཏེ། ལོ་གཉིས་ཀྱི་ཡར་སྔོན་ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སུའུ་ལའེ་མན་ནེ་ལ་མྱ་ངན་ཞུས། དབྱི་ལིང་གི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ལའེ་ཞེ་ཡིས་ཏི་ཧེ་ལན་ནས་སྤེལ་བའི་རྗེས་དྲན་ཚོགས་ཆེན་སྟེང་བཤད་རྒྱུར། ངེས་པར་དུ་ལྐོག་གསོད་ལ་ཞུགས་པའི་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་དང་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་སོགས་ལ་འདྲ་མཉམ་གྱི་ཁྲུན་གཅོད་བྱེད་པ་དང་། ཁོ་ཚོར་ངོ་གནོངས་དགོས་པའི་བྱ་སྤྱོད་འདིའི་དབང་གིས་ཆད་གཅོད་ཐོབ་པར་བྱེད་དགོས། དེ་ལྟ་མིན་ཚེ་ཨ་མེ་རི་ཁས་དབྱི་ལིང་གིས་འཁོན་ལན་སློག་པར་ཐེ་ཚོམ་བྱེད་དགོས་མེད་ཟེར། 

གཞན་ཡང་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་གཞུང་སྒྲུབ་ཁང་གི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཚེས་གཅིག་ཉིན་སུའུ་ལའེ་མན་ནེ་ཡི་ཁྱིམ་མིར་ཐུག་འཕྲད་བྱས། ཁོས་བཤད་རྒྱུར། སུའུ་ལའེ་མན་ནེ་འདས་རྗེས་ཀྱི་ལོ་གཉིས་ནང་། ཨ་མེ་རི་ཁ་ཨ་ཧྥུའུ་ཧན་ནས་བྲོས་བྱོལ་བྱས་པ་དང་། ས་ཁུལ་རང་གི་ང་རྒྱལ་ལ་འགོག་རྒོལ་དང་ངོ་རྒོལ་བྱེད་པའི་རླབས་རྒྱུན་དེ་ལོ་གཉིས་ཀྱི་སྔོན་ལས་ལྷག་ཏུ་སྟོབས་ཆེན་དུ་གྱུར་ཡོད་ཟེར། 

ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོའི་ཚེས་གསུམ་ཉིན། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་གི་པཱ་ཀི་ཏཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཕྱི་རོལ་ནས་བར་སྣང་འཇབ་རྒོལ་བྱས་ཏེ། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་བཀོད་འདོམ་དཔོན་པོ་སུའུ་ལའེ་མན་ནེ་སོགས་དམར་གསོད་བཏང་བ་རེད། 

དབྱི་ལིང་ཕྱོགས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁས་སུའུ་ལའེ་མན་ནེ་ལྐོག་གསོད་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། དེ་ནི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།