ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ལྷོ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཐེབས་ཏེ་ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་འཕྲལ་སྒྲུབ་དོ་དམ་སྡེ་ཁག་གིས་ཚེས་བཞི་ཉིན་བཤད་རྒྱུར། དབྱི་ལིང་ལྷོ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཉིས་གར་སོང་རྙེད་མེད། ཉུང་མཐར་ཡང་མི་བཞི་བཅུར་རྨས་ཕོག་ཡོད་ཟེར། 

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་འཕྲལ་སྒྲུབ་དོ་དམ་སྡེ་ཁག་གི་མགྲིན་ཚབ་པ་ཧཱ་ལའེ་ཏིས་ཀྱིས་ཉིན་དེར་བཤད་རྒྱུར། ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་ནི་ཉེ་སྔོན་གྱི་དྲག་ཆར་ལས་བྱུང་བ་ཡིན་ཞིང་། གཙོ་བོ་ཧྥ་ཨར་སི་དང་ཁི་ཨར་མན། ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་སོགས་ལྷོ་ཕྱོགས་ཀྱི་ཞིང་ཆེན་དག་ལ་གནོད་པ་ཐེབས་ཡོད་ཟེར། 

བསྒྲགས་པ་ལྟར་ན། གནོད་པ་ཐེབས་པའི་གྲོང་སྡེ་མི་ཉུང་བའི་འགྲིམ་འགྲུལ་ལ་བཀག་རྒྱ་ཐེབས་པ་དང་། འཐུང་ཆུ་དང་གློག་ཆད་ཡོད་ལ། ཁང་བ་མང་བོ་ཆུས་བསྣུབས་ཡོད་ཟེར། རྒུད་སྐྱོབ་དཔུང་སྡེ་གནོད་ཐེབས་ས་ཁུལ་དུ་འབྱོར་ཡོད་པ་དང་། དབྱི་ལིང་གི་ཟླ་གསར་དམར་པོ་ཚོགས་པས་བཟའ་བཏུང་སོགས་བྲེལ་མྱུར་དངོས་རྫས་བགོ་བཤའ་བྱེད་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།