ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལྔའི་མགོ་ཁྲིད་པས་མཉམ་དུ་ཉིང་རྡུལ་ནུས་པའི་འཐབ་འཁྲུག་སྔོན་འགོག་བྱེད་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཀྲུང་གོ་དང་ཨུ་རུ་སི། ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སི་བཅས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལྔའི་མགོ་ཁྲིད་པས་མཉམ་དུ་ཉིང་རྡུལ་ནུས་པའི་འཐབ་འཁྲུག་སྔོན་འགོག་དང་དམག་ཆས་འགྲན་རྩོད་སྔོན་འགོག་བྱེད་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བར་དགའ་བསུ་ཞུས། 

ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལྔས་ཕྱོགས་གཉིས་དང་ཕྱོགས་མང་བོའི་བར་གྱི་ཉིང་རྡུལ་ནུས་པའི་རྒྱ་ཡན་དུ་མི་གཏོང་བ་དང་དམག་དཔུང་ཉུང་འཕྲི། དམག་ཆས་ཚོད་འཛིན་བྱེད་པའི་གྲོས་མཐུན་དང་དམ་བཅའ་བརྩི་སྲུང་བྱེད་པའི་གལ་ཆེན་རང་བཞིན་ལ་ཐུན་མོང་ངེས་ཤེས་རྙེད་པར་གཟེངས་བསྟོད་བྱས། ཀུའུ་ཐི་ལོས་སི་ཡིས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལྔས་ཉིང་རྡུལ་ནུས་པའི་འཐབ་འཁྲུག་སྔོན་འགོག་བྱེད་པར་བྱེད་ཐབས་སྤྱོད་རྒྱུ་ཁས་ལེན་བྱས་པར་དགའ་སྤྲོ་སྐྱེས་ཡོད་པ་དང་། མ་འོངས་པའི་གྲོས་གཞིའི་བྱེ་བྲག་གི་ནང་དོན་ལ་རེ་སྒུག་བྱེད་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་གོ་སྐབས་དེ་སྤྱད་དེ་ཁོའི་ནམ་རྒྱུན་གྱི་ལངས་ཕྱོགས་ཏེ་ཉིང་རྡུལ་ནུས་པའི་འཐབ་འཁྲུག་གི་ཉེན་ཁ་མེད་པར་གཏོང་བའི་ཐབས་ལམ་ཉག་གཅིག་ནི་ཉིང་རྡུལ་ནུས་པའི་མཚོན་ཆ་རྩ་མེད་དུ་གཏོང་རྒྱུ་དེ་ཡིན་པ་བསྐྱར་བསྒྲགས་བྱས། ཀུའུ་ཐི་ལོས་སི་ཡིས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་དག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་དང་མཉམ་དུ། སྔ་མོ་ནས་དམིགས་ཡུལ་དེ་འགྲུབ་པར་འབད་བརྩོན་བྱེད་འདོད་ཡོད་ཟེར། 

ཀྲུང་གོ་དང་ཨུ་རུ་སི། ཨ་མེ་རི་ཁ། དབྱིན་ཇི། ཧྥ་རན་སི་བཅས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལྔའི་མགོ་ཁྲིད་པས་ཚེས་གསུམ་ཉིན་མཉམ་དུ་ཉིང་རྡུལ་ནུས་པའི་འཐབ་འཁྲུག་སྔོན་འགོག་དང་དམག་ཆས་འགྲན་རྩོད་སྔོན་འགོག་བྱེད་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཁྲའོ་ཞུའུ་ཡིས་བསྟན་དོན། དེ་ནི་རྒྱལ་ཁབ་ལྔའི་མགོ་ཁྲིད་པས་ཐོག་དང་པོར་ཉིང་རྡུལ་མཚོན་ཆའི་གནད་དོན་ཐད་ནས་གསལ་བསྒྲགས་སྤེལ་བ་ཡིན་ལ། དེ་ལས་རྒྱལ་ཁབ་ལྔས་ཉིང་རྡུལ་ནུས་པའི་འཐབ་འཁྲུག་སྔོན་འགོག་བྱེད་པའི་ཆབ་སྲིད་རེ་འདུན་མཚོན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་འཐབ་ཇུས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཉིང་རྡུལ་ནུས་པའི་འཁྲུག་རྩོད་ཉེན་ཁ་ཇེ་ཆུང་དུ་གཏོང་བའི་ཐུན་མོང་གི་འབོད་སྐུལ་བཏང་བ་རེད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་གསུམ་ཉིན་བསྟན་དོན། ཨུ་རུ་སི་ཡིས་མཉམ་འབྲེལ་གསལ་བསྒྲགས་དེས་རྒྱལ་སྤྱིའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་དམག་ཆས་འགྲན་རྩོད་ཚོད་འཛིན་བྱེད་པར་ཕན་ཐོགས་འབྱུང་བ་དང་། ཞོར་དུ་ཕན་ཚུན་བར་གྱི་ཡིད་ཆེས་ལ་ཤུགས་སྣོན་བྱས་ཏེ་མ་འོངས་པར་དཔུང་འཇུག་རང་བཞིན་དང་འགོག་སྲུང་རང་བཞིན་གྱི་མཚོན་ཆ་ཚོད་འཛིན་བྱེད་པ་དང་། དེ་མིན་ཉེན་ཁ་ཇེ་ཆུང་དུ་གཏོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་པར་རེ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།