ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་མངའ་སྡེ་མང་བོར་གངས་རླུང་དྲག་པོའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་མངའ་སྡེ་མང་བོར་ཚེས་གསུམ་ཉིན་གངས་རླུང་དྲག་པོའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གནམ་གྲུ་གཏོང་ཐེངས་མང་བོར་འགོར་འགྱངས་བྱས་པའམ་འཕུར་མཚམས་བཞག་པར་མ་ཟད། ཁྱིམ་ཚང་ཁྲི་ཕྲག་འགར་གློག་ཆད་པའི་གནས་ཚུལ་བྱུང་། 

བསྒྲགས་པ་ལྟར་ན། མཱ་ལི་ལན་མངའ་སྡེ་ནས་རླངས་འཁོར་ཞིག་དང་ཁངས་འདེད་རླངས་འཁོར་ཐོ་བརྒྱབ་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར། ཐེན་ནཱ་ཞི་མངའ་སྡེ་དང་ཙོ་ཀྲི་ཡཱ་མངའ་སྡེ་ནས་སོ་སོར་བྱིས་པ་གཅིག་སྡོང་བོ་ལོག་ནས་ཁང་བ་རྡིབས་པའི་དབང་གིས་རྐྱེན་ལམ་དུ་ཤོར་ཟེར། 

ཨ་མེ་རི་ཁའི་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ས་ཝ་ཧྲིན་ཐོན་གྱི་ཁོ་ལོམ་པུ་ཡཱ་དམིགས་བསལ་ས་ཁུལ་དང་ཉེ་འཁོར་གྱི་ཧྥོ་ཅི་ནེ་ཡཱ་མངའ་སྡེ་དང་མཱ་ལི་ལན་མངའ་སྡེ་རུ་ཁ་བ་འབབ་ཚད་ཧ་ལམ་ཧའོ་རྨིད་ང་གཅིག་ནས་ཧའོ་རྨིད་སུམ་བརྒྱ་དང་གྱ་གཅིག་ཡོད། དེའི་ནང་ཧྭ་ཧྲིན་ཐོན་གྱི་ཁ་བའི་འབབ་ཚད་ཧའོ་རྨིད་ཉིས་བརྒྱ་དང་བཅུ་དྲུག་ལ་བསླེབས་ཡོད་ལ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚུན་གྱི་ཉིན་གཅིག་གི་འབབ་ཚད་ཆེས་ཆེ་བའི་ཟིན་ཐོ་བསྐྲུན་ཡོད། 

གངས་རླུང་དྲག་པོས་ས་ཁུལ་དེ་དག་གི་འགྲུལ་བཞུད་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། ཨ་མེ་རི་ཁའི་གནམ་གྲུའི་གཏོང་ཐེངས་ཀྱི་རྗེས་འདེད་དྲ་ཚིགས་ཀྱི་གཞི་གྲངས་ལྟར་ན། ཉིན་དེར་བསྡོམས་པས་གནམ་གྲུ་གཏོང་ཐེངས་སྟོང་བདུན་ལྷག་ལ་འགོར་འགྱངས་བྱས་ཡོད་པ་དང་། གནམ་གྲུ་གཏོང་ཐེངས་སྟོང་གསུམ་ཙམ་འཕུར་མཚམས་བཞག་པ་རེད། 

གངས་རླུང་དྲག་པོས་ད་རུང་ཁྱིམ་ཚང་ཁྲི་ཕྲག་འགར་གློག་ཆད་པའི་སྣང་ཚུལ་བྱུང་། ས་དེའི་དུས་ཚོད་ཚེས་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་དགུའི་བར། གནས་ཚུལ་ཆེས་ཚབས་ཆེ་བའི་ཧྥོ་ཅི་ནེ་ཡཱ་མངའ་སྡེ་རུ་སྔར་བཞིན་ཁྱིམ་ཚང་འབུམ་གསུམ་དང་ཁྲི་བཞི་ལྷག་ལ་གློག་སླར་གསོ་བྱུང་མེད། 

གངས་རླུང་དྲག་པོའི་ཤུགས་རྐྱེན་ཐེབས་ཏེ་ཧྥོ་ཅི་ནེ་ཡཱ་མངའ་སྡེ་དང་མཱ་ལི་ལན་མངའ་སྡེའི་གཞུང་བཙུགས་སློབ་གྲྭ་སྐོར་ཞིག་གིས་ཚེས་གསུམ་ཉིན་དང་ཚེས་བཞི་ཉིན་སློབ་ཁྲིད་མཚམས་བཞག ཧྭ་ཧྲིན་ཐོན་གྱི་ཧྲི་ཀྲང་པའོ་ཙེ་ཡིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། གྲོང་ཁྱེར་དེའི་གཞུང་བཙུགས་སློབ་གྲྭའི་སློབ་མགོ་རྩོམ་པའི་དུས་ཚོད་ཚེས་དྲུག་ལ་རྗེས་སུ་སྣུར་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།