ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་སི་རི་ཡཱ་ལ་རོགས་སྐྱོར་བྱེད་པའི་སྐོར་ཐེངས་གསར་པའི་རིམས་འགོག་དངོས་རྫས་བརྒྱུད་སྤྲོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོས་སི་རི་ཡཱ་ལ་རོགས་སྐྱོར་བྱེད་པའི་སྐོར་ཐེངས་གསར་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་ཞིབ་བཤེར་ཡོ་བྱད་ཚེས་གསུམ་ཉིན་བརྒྱུད་སྤྲོད་བྱས་པ་དང་། སི་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྥུན་པེའོ་ཡིས་སི་རི་ཡཱའི་འཕྲོད་བསྟེན་པུའུ་ནས་སི་རི་ཡཱའི་ཕྱོགས་ལ་རིམས་འགོག་དངོས་རྫས་དེ་དག་བརྒྱུད་སྤྲོད་བྱས་པ་རེད། 

ཧྥུན་པེའོ་ཡིས་བརྒྱུད་སྤྲོད་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་འཛམ་གླིང་ཧྲིལ་བོར་མཆེད་བཞིན་ཡོད་པ་དང་། ཨོ་མུས་ཁེ་རོན་སོགས་གཤིས་འགྱུར་དུག་རྐང་གིས་འགྲན་རྩོད་གསར་བ་བཟོས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་གཀྱིས་སྔར་ལས་ལྷག་པར་མཐུན་སྒྲིལ་རོགས་རེས་བྱེད་དགོས། ཀྲུང་གོས་རང་ནུས་ཅི་ལྕོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་འདོན་སྤྲོད་བྱས་ཏེ། འཛམ་གླིང་ཡོངས་ཀྱི་རིམས་འགོག་མཉམ་ལས་ལ་ཡར་སྐུལ་གང་ལེགས་བྱས་ཡོད་ཀྱང་། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་འགོག་སྨན་གྱི་མི་རིགས་རིང་ལུགས་སྤེལ་བ་དང་། ཕྱི་ཕྱོགས་རོགས་སྐྱོར་དེ་ཁ་ནས་བཤད་པ་ཙམ་ལས་དོན་དངོས་ཀྱི་བྱ་སྤྱོད་མེད་པས། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་རིམས་འགོག་གི་བར་ཁྱད་བྱུང་ཡོད་པ་རེད་ཟེར། 

སི་རི་ཡཱའི་འཕྲོད་བསྟེན་པུའུ་ཀྲང་ཅཱ་པཱ་ཧྲིན་གྱིས་སི་རི་ཡཱའི་ཕྱོགས་ཀྱི་ཚབ་བྱས་ཏེ་ཀྲུང་གོར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོའི་ཕྱོགས་ཀྱིས་སི་རི་ཡཱ་ལ་རིམས་འགོག་དངོས་རྫས་དང་མི་ཆོས་ཀྱི་རོགས་སྐྱོར་མང་བོ་འདོན་སྤྲོད་བྱས་ཏེ། སི་རི་ཡཱའི་སྲིད་གཞུང་གིས་རིམས་ནད་འགོག་སྡོམ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་ནུས་པ་ཆེན་པོ་ཐོན་ཡོད། སི་རི་ཡཱ་དང་ཀྲུང་གོ་ནི་ངེས་པ་དོན་གྱི་ལས་སྐལ་ཐུན་མོང་ཚོགས་པ་ཡིན། སི་རི་ཡཱ་ཡིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་བཀག་སྡོམ་ལ་ངོ་རྒོལ་བྱེད་བཞིན་ཡོད་ཅིང་། ཀྲུང་གོ་དང་བཅས་པའི་མཛའ་མཐུན་རྒྱལ་ཁབ་དག་གི་རོགས་རམ་འོག མུ་མཐུད་དུ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་ཞིག་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།