ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་གྲོས་ཁང་ཐོག་ཁང་ལ་མེ་སྐྱོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20220103085156yM2r.jpeg

ཟླ་དང་པོའི་ཚེས་གཉིས་ཉིན། ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ཏོན་དུ་ཡོད་པའི་གྲོས་ཁང་ཐོག་ཁང་དུ་དུག་ནག་འཕྱུར་བཞིན་པ། 

20220103085205d20B.jpeg

ཟླ་དང་པོའི་ཚེས་གཉིས་ཉིན། མེ་གསོད་ཉེན་སྲུང་མི་སྣས་ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ཏོན་དུ་ཡོད་པའི་གྲོས་ཁང་ཐོག་ཁང་གི་མེ་སྐྱོན་བྱུང་སའི་ཡུལ་དངོས་སུ་བྱ་བ་བྱེད་བཞིན་པ། 

202201030852132neX.jpeg

ཟླ་དང་པོའི་ཚེས་གཉིས་ཉིན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཁའེ་ཕུའུ་ཏོན་དུ་ཡོད་པའི་གྲོས་ཁང་ཕྱི་རོལ་དུ་གསར་འགྱུར་ལས་རིགས་ལ་མེ་སྐྱོན་གྱི་གནས་ཚུལ་གསལ་བཤད་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏོན་གྱི་བདེ་འཇགས་ལས་དོན་གྱི་འགན་ཁུར་བའི་དཔོན་རིགས་ཀྱིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། གྲོས་ཁང་ཐོག་ཁང་ལ་ཉིན་དེའི་ཞོགས་པར་མེ་སྐྱོན་བྱུང་བ་དང་། མེ་མཆེད་ནས་གྲོས་ཁང་འོག་རིམ་གྱི་རྒྱལ་དམངས་གྲོས་ཁང་ཐོག་ཁང་ཆེན་མོར་ཡང་མེ་སྐྱོན་བྱུང་ཡོད་ཟེར། 

ཁའེ་ཕུའུ་ཏོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཨུ་ཡོན་ཧྲི་མུས་སི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། གྲོང་ཁྱེར་མེ་གསོད་ཉེན་སྲུང་སྡེ་ཁག་ལ་ཉིན་དེའི་ཞོགས་པའི་དུས་ཚོད་ལྔ་ཡས་མས་སུ་གྲོས་ཁང་ཐོག་ཁང་དུ་མེ་སྐྱོན་བྱུང་བའི་ཉེན་བརྡའི་ཁ་པར་འབྱོར་བ་དང་། ད་ལྟ་མེ་གསོད་ཉེན་སྲུང་མི་སྣ་སོ་དྲུག་ཙམ་ཡུལ་དངོས་ཀྱི་མེ་གསོད་བྱ་བར་ཞུགས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐོག་མའི་སྙན་ཞུ་ལས་མངོན་པ་ལྟར་ན་མེ་སྐྱོན་བྱུང་སའི་གནས་གཙོ་བོའི་གཞུང་སྒྲུབ་ཁང་གྱི་མེ་སྐྱོན་བྱུང་སའི་རྩིག་ངོས་སུ་གས་སྲུབས་བྱུང་ཡོད་པ་རེད། 

གཞན་ཡང་ཨ་ཧྥེ་རི་ཁ་ལྷོ་མའི་གྲོས་ཁང་གིས་ཚེས་གཉིས་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏོན་དུ་ཡོད་པའི་གྲོས་ཁང་གི་ཐོག་ཁང་གཙོ་བོར་ཉིན་དེའི་ཞོགས་པར་བྱུང་བའི་མེ་སྐྱོན་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། མེ་གསོད་ཉེན་སྲུང་མི་སྣས་གནས་མང་བོའི་མེ་སྐྱོན་ལ་ཚོད་འཛིན་བྱས་ཡོད་ཀྱང་མེ་ཡོངས་སུ་གསོད་ཐུབ་མེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མེ་གསོད་ཉེན་སྲུང་མི་སྣས་འབད་འཐབ་བྱས་ཏེ་གྲོས་ཁང་གོང་མའི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་ནས་མེ་སྐྱོན་ཚོད་འཛིན་བྱས་ཡོད་པ་དང་། སྔར་བཞིན་གྲོས་ཁང་ཞོལ་མའི་རྒྱལ་དམངས་གྲོས་ཁང་གི་གྲོས་ཚོམས་ཁང་དང་གཞུང་སྒྲུབ་ཁང་རེ་འགའི་མེ་གསོད་པར་བརྩོན་བཞིན་ཡོད། རྒྱལ་དམངས་གྲོས་ཁང་གི་གྲོས་ཚོམས་ཁང་ཡོད་སའི་ཐོག་ཁང་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར། གྲོས་ཁང་དང་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ཚེས་གསུམ་ཉིན་གྲོས་མོལ་བྱས་ཏེ་མེ་སྐྱོན་དང་གྱོང་གུད་གནས་ཚུལ་ལ་དཔྱད་འཇོག་བྱེད་རྒྱུ་རེད་ཟེར། 

ཁའེ་ཕུའུ་ཏོན་གྲོང་ཁྱེར་སྲིད་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གྲོས་ཁང་ཐོག་ཁང་རྙིང་བའི་ཁང་ཀླད་དང་བརྩེགས་རིམ་གསུམ་པར་གཏོར་བརླག་ཐེབས་པ་དང་། རྒྱལ་དམངས་གྲོས་ཁང་གི་ཐོག་ཁང་གི་གནམ་གཅལ་རྡིབས་ཡོད་པ་རེད། 

ཨ་ཧྥེ་རི་ཁ་ལྷོ་མའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མིག་སྔར་གནས་སྐབས་སུ་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་མེ་སྐྱོན་ལ་འབྲེལ་བ་ཡོད་པའི་སྐྱེས་པ་ཞིག་འཛིན་བཟུང་བྱས་ཡོད་ལ། མེ་སྐྱོན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཉིན་དེར་མེ་སྐྱོན་བྱུང་སའི་ཡུལ་དངོས་སུ་ཡོང་ནས་རྟོག་ཞིབ་བྱས་པ་དང་། མེ་སྐྱོན་གྱི་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱས་ཏེ་དོགས་ཟོན་བྱེད་ཐབས་ལ་ཞིབ་འཇུག་བྱེད་རྒྱུ་ཁས་ལེན་བྱས། 

ཨ་ཧྥེ་རི་ཁ་ལྷོ་མའི་གྲོས་ཁང་ཐོག་ཁང་ཚོམས་ལ་ཐོག་ཁང་འགའ་འདུས་པ་དང་། དེའི་ནང་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཐོག་ཁང་རྙིང་བའང་ཡོད་པ་རེད། 


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།