དབྱི་སི་རལ་གྱིས་པྲོག་གསར་གློ་ཚད་རིམས་ནད་གསོ་བཅོས་བྱེད་པའི་ཐད་བཀོལ་བའི་བཏུང་སྨན་རིགས་གཉིས་པར་ཆོག་མཆན་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་མའོ་ཁི་ཀུང་ཟིས་ཞིབ་འཇུག་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཡང་མོར་བཀོལ་བའི་བཏུང་སྨན་ལ་ཆོག་མཆན་བཀོད་ཡོད་ཟེར། དེ་ནི་དབྱི་སི་རལ་གྱིས་བེད་སྤྱོད་བྱེད་པར་ཆོག་མཆན་བཀོད་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་བཏུང་སྨན་རིགས་གཉིས་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། མའོ་ཁི་ཀུང་ཟི་ཡིས་ཞིབ་འཇུག་གསར་སྤེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་བཏུང་སྨན་མའོ་ནཱ་པུས་ལཱ་ཧེ་ཞེས་པར་ནད་དུག་དེ་ལུས་ཕུང་སྟེང་འཕེལ་བར་སྔོན་འགོག་བྱེད་པའི་ནུས་པ་ལྡན། ཚོད་དཔག་བྱས་ན་དེའི་ཕན་ནུས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གཤིས་འགྱུར་ནད་དུག་དུག་རྐང་གི་ཤུགས་རྐྱེན་ཐེབས་མི་སྲིད་པས། ཨོ་མུས་ཁེ་རོན་དུག་རྐང་ལ་དམིགས་པའི་གསོ་བཅོས་ཐད་དུའང་བཀོལ་ཆོག་པ་རེད། དབྱི་སི་རལ་གྱི་འཕྲོད་བསྟེན་པུའུ་ཡིས་བཟོ་སྐྲུན་ཚོང་བའི་བར་ཉོ་ཚོང་གྲོས་མཐུན་བཀོད་ཡོད་པ་དང་། ཚོད་དཔག་བྱས་ན་སྨན་རྫས་སྐོར་དང་པོ་དེ་མ་འོངས་པའི་ཉིན་འགའི་ནང་དབྱི་སི་རལ་དུ་འབྱོར་སྲིད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མའོ་ནཱ་པུས་ལཱ་ཝེ་ཞེས་པའི་སྨན་དེ་ལོ་བཅོ་བརྒྱད་ཡན་གྱི་མི་ཚོགས་ལ་བཀོལ་དགོས་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་བྱུང་རྗེས་ཀྱི་ཉིན་གསུམ་ནས་ཉིན་ལྔ་ནས་བཟུང་བེད་སྤྱོད་བྱེད་དགོས་ལ། བསྟུད་མར་ཉིན་ལྔའི་རིང་བཀོལ་དགོས། ཞིབ་འཇུག་ལས་མངོན་པ་ལྟར་ན། སྨན་རྫས་དེས་པྲོག་གསར་གློ་ཚད་རིམས་ནད་བྱུང་མཁན་སྨན་ཁང་དུ་སྡོད་པ་དང་ཚེ་ལས་འདས་པའི་ཚད་བརྒྱ་ཆའི་སུམ་ཅུ་ཇེ་ཉུང་དུ་གཏོང་ཐུབ་པ་རེད། 

དབྱི་སི་རལ་གྱི་འཕྲོད་བསྟེན་པུའུ་ཡིས་ན་ནིང་ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁའི་ཧོས་རོས་ཀུང་ཟི་ཡིས་ཐོན་སྐྱེད་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་གསོ་བཅོས་བྱེད་པའི་བཏུང་སྨན་མྱུར་དུ་བེད་སྤྱོད་བྱེད་པར་ཆོག་མཆན་བཀོད་པ་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།