ཀྲུང་གོ་བོད་ཀྱི་དྲ་བ།

ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནུས་ལྡན་དུ་གྱུར་ནས་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་གཅིག་ཉིན། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནུས་ལྡན་དུ་གྱུར་ནས་ལག་བསྟར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་ཆེན་མོས་དངོས་སུ་ལས་མགོ་བརྩམས། 

དེ་རིང་ནས་བཟུང་། ཝུན་ལའེ་དང་ཁམ་ཕུ་ཀྲེ། ལའོ་ཝའོ། སིང་ག་ཕོར། ཐེ་གོ། ཡོ་ནན་བཅས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དྲུག་དང་། ཀྲུང་གོ། འཇར་པན། ནེའུ་ཙེ་ལན། ཨོ་སི་ཁྲུ་ལི་ཡཱ་བཅས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་མ་ཡིན་པའི་རྒྱལ་ཁབ་བཞི་ཡིས་དངོས་སུ་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལག་བསྟར་བྱེད་མགོ་བརྩམས། ཀྲུང་གོའི་ཚོང་དོན་པུའུ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་འོས་འགན་ལག་བསྟར་གང་ལེགས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་གྲོས་ཆོད་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

གྲོས་ཆོད་ནུས་ལྡན་དུ་གྱུར་བའི་ཉིན་དེར། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ། ཨོ་སི་ཁྲུ་ལི་ཡཱ། ནེའུ་ཙེ་ལན་བཅས་བར་གྱི་སྒོ་ཁྲལ་མེད་པར་བཏང་བའི་བསྡུར་ཚད་བརྒྱ་ཆའི་རེ་ལྔ་ལས་བརྒལ་ཡོད། ཀྲུང་གོ་དང་འཇར་པན་གྱིས་རང་དབང་ཉོ་ཚོང་འབྲེལ་བ་གསར་དུ་བཙུགས་པ་དང་། ཕན་ཚུན་གྱི་སྒོ་ཁྲལ་མེད་པར་བཏང་བའི་བསྡུས་ཚད་བརྒྱ་ཆའི་ཉེར་ལྔ་དང་བརྒྱ་ཆའི་ང་བདུན་ཡིན་པ་རེད། 

སྒོ་ཁྲལ་མེད་པར་བཏང་བ་ཙམ་མ་ཡིན་པར་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱིས་ཐོན་སྐྱེད་བྱེད་སའི་སྒྲིག་སྲོལ་དང་སྒོ་ཁྲལ་ལས་རིམ། རིམས་ནད་ཞིབ་བཤེར་སོགས་ཐད་ནས་གཅིག་གྱུར་གྱི་སྒྲིག་སྲོལ་ཆགས་པར་བྱས་ཡོད་ལ། ཞབས་ཞུའི་ཉོ་ཚོང་དང་དངུལ་གཏོང་སོགས་ཐད་ནས་ཀྱང་ཆུ་ཚད་མཐོ་བའི་སྒོ་འབྱེད་དམ་བཅའ་ལག་བསྟར་བྱས་ཡོད། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དུས་ལྟར་ནུས་ལྡན་དུ་གྱུར་བ་ལས། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་དངུལ་གཏོང་འཕར་སྣོན་དང་དཔལ་འབྱོར་སླར་གསོ། དར་རྒྱས་འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་འཇོག་ཐུབ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།