ཀྲུང་གོ་བོད་ཀྱི་དྲ་བ།

ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནུས་ལྡན་དུ་གྱུར་བ་ལས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དངོས་སུ་ནུས་ལྡན་དུ་གྱུར། འཛམ་གླིང་སྟེང་ཁེབས་ཚད་ཀྱི་མི་གྲངས་ཆེས་མང་ཞིང་འཕེལ་རྒྱས་སྦས་ཤུགས་ཆེས་ཆེར་ལྡན་པའི་རང་དབང་ཉོ་ཚོང་གྲོས་ཆོད་དེས་རྒྱལ་སྤྱིའི་ཉོ་ཚོང་གི་དངུལ་གཏོང་འཕར་སྣོན་ལ་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ནས། སྟོབས་དང་ལྡན་པའི་ས་ཁོངས་ཀྱི་སྒུལ་ཤུགས་ལས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་ཐུབ། 

ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕར་སྣོན་བྱུང་བ་ཁྱབ་བསྒྲགས་བྱས་རྗེས་ཀྱི་ལོ་ཐོག་མ་ཡང་ཡིན། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་བར་ཕྱོགས་གཉིས་ཀྱི་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་ཉོ་ཚོང་གི་ཚད་དེ་ལྡབ་གྱ་ལྔ་འཕར་སྣོན་བྱུང་ཡོད། 

སིང་ག་ཕོར་གྱི་ཉོ་ཚོང་ཁང་གི་ལག་བསྟར་ཙུང་ཚེ་གཞོན་པ་ལིས་མེན་ཧོང་གིས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དེ་ཉིས་སྟོང་ཉི་ཤུ་ལོར་ཀྲུང་གོའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོར་གྱུར་ཡོད་པ་དང་། ང་ཚོས་མཉམ་ལས་ཀྱི་འབྲེལ་བ་ཟབ་མོ་འདིར་སྐུལ་འདེད་བཏང་སྟེ་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་མ་འོངས་པའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་ཟེར། 

མཱ་ལའེ་ཞི་ཡཱའི་དངུལ་ཁང་སྤྱི་བའི་ཚད་ཡོད་ཀུང་ཟིའི་ཁམ་ཕུ་ཀྲེ་ཡན་ལག་དངུལ་ཁང་གི་ཙུང་ཚེ་གཞོན་པ་སུའུ་ཧྥང་གིས་བསྟན་དོན། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལས་ང་ཚོར་གོ་སྐབས་མང་བོ་བསྐྲུན་སྲིད་པ་དང་། ཕྱོགས་གཉི་གར་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་སྔར་ལས་མང་བོ་གསར་གཏོད་བྱེད་སྲིད། ཀྲུང་གོའི་དངུལ་ལོར་ཚན་རྩལ་ཁྱབ་ཁོངས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ལས་ང་ཚོར་སློབ་སྦྱོང་གི་གོ་སྐབས་འདོན་སྤྲོད་བྱེད་སྲིད་ལ། སྔར་ལས་མང་བའི་ཁེ་ལས་ཆུང་འབྲིང་ལ་དེ་ལས་ཁེ་ཕན་ཐོབ་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ཀྲུང་གོ་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་མ་ཡིན་པའི་རྒྱལ་ཁབ་ཁྲོད་ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་ལས་རིམ་ལ་ཆོག་མཆན་བཀོད་པའི་རྒྱལ་ཁབ་ཐོག་མ་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་ཆོད་སེམས་བརྟན་པོས་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་ཅིང་། ས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནུས་ལྡན་དུ་གྱུར་རྗེས། སྔར་ལས་ལྷག་པའི་སྒོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་རྡང་སྦྲེལ་ནས་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་ཆེར་གཏོང་ཐུབ་ངེས་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།