ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་བདེ་འཇགས་འགན་སྲུང་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་ཁ་པར་གྲོས་མོལ་སྤེལ་ཏེ། གཙོ་བོ་བདེ་འཇགས་འགན་སྲུང་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས། 

གྲོས་མོལ་དེ་མའོ་སི་ཁོའི་དུས་ཚོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་སྤེལ། ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་པེད་ཏིན་ལ་མིག་སྔར་ཨུ་རུ་སི་ཡིས་ཨ་མེ་རི་ཁར་སྤྲད་པའི་བདེ་འཇགས་འགན་སྲུང་དང་འབྲེལ་བའི་ཡིག་ཆའི་འཆར་ཟིན་གྱི་གཞི་འཛིན་སའི་རྩ་དོན་མཚམས་སྦྱོར་བྱས་པ་དང་། ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་ཀྱིས་ཤར་ཕྱོགས་སུ་རྒྱ་བསྐྱེད་མཚམས་འཇོག་པ་དང་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དང་ཉེ་བའི་གནས་སུ་འཇིགས་སྐུལ་རིང་ལུགས་ཀྱི་མཚོན་ཆའི་མ་ལག་བཀོད་སྒྲིག་མི་བྱེད་པའི་ཐད་ནས་ཨུ་རུ་སི་ལ་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། པེད་ཏིན་གྱིས་བཤད་རྒྱུར། གལ་ཏེ་ཝུའུ་ཁི་ལན་གྱི་གནས་བབ་ཛ་དྲག་ཏུ་གྱུར་ན། ཨུ་རུ་སིར་གཞི་རྒྱ་ཆེ་བའི་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་པའི་ཚུལ་བསྟན། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་དེ་ནི་ནོར་འཆུག་ཚབས་ཆེན་ཞིག་ཡིན་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་རྩ་བ་ནས་ཉམས་དམས་སུ་གཏོང་ངེས་པར་འདོད། 

ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕུའུ་སཱ་ཅི་ཡིས་ཉིན་དེར་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། པེད་ཏིན་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་བར་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་བ་དང་། གལ་ཏེ་ཨུ་རུ་སི་ཡིས་སྔར་ལས་ལྷག་པའི་འགུལ་སྐྱོད་སྤེལ་ན། ཨ་མེ་རི་ཁ་དང་དེའི་མནའ་མཐུན་རྒྱལ་ཁབ་དང་གྲོགས་པོས་དེར་མཐུན་གྱི་རྒོལ་ལན་སྤྲོད་ངེས་ཡིན་ཟེར། པེད་ཏིན་གྱིས་ད་རུང་བསྟན་དོན། ཕྱི་འབྲེལ་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱང་། གྲོས་མོལ་དེ་ཛ་དྲག་གི་གནས་བབ་ཅུང་ཞི་འཇགས་སུ་སོང་བའི་ཁོར་ཡུག་ཁྲོད་སྤེལ་ན་ད་གཟོད་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་སྲིད་ཟེར། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱི་གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བལྟས་ན་ཉིན་དེའི་གྲོས་མོལ་ནི་ལྷག་བསམ་རྣམ་དག་དང་འཛུགས་སྐྲུན་རང་བཞིན་ལྡན་པ་ཞིག་ཡིན་ལ། མུ་མཐུད་དུ་དུས་བཅད་ལྟར་འབྲེལ་འདྲིས་དང་གྲོས་མོལ་བྱེད་པར་ཡིད་འཐད་བྱུང་བར་མ་ཟད། སང་ལོའི་བདེ་འཇགས་གནད་དོན་དང་འབྲེལ་བའི་ཕྱོགས་གཉིས་ཀྱི་གྲོས་མོལ་རབ་དང་རིམ་པ་ནས་ཕྱོགས་སོ་སོའི་བར་འབྲེལ་འདྲིས་བྱེད་པ་སྲུང་འཛིན་བྱེད་དགོས་པར་འདོད། 

དེ་ནི་ཕུའུ་ཅིན་དང་པེད་ཏིན་གྱིས་ཟླ་འདིའི་ནང་ཐེངས་གཉིས་པར་གྲོས་མོལ་བྱས་པ་རེད། ཚེས་བདུན་ཉིན་ཕྱོགས་གཉིས་ཀྱིས་བརྙན་ལམ་བརྒྱུད་དེ་གྲོས་མོལ་བྱས་ཏེ། གཙོ་བོ་ཝུའུ་ཁི་ལན་གྱི་གནས་བབ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་གནས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།