ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁ་ཕྱོགས་ཀྱིས་རང་དབང་ཟེར་བར་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་གསལ་བསྒྲགས་སྤེལ་ནས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཞང་ཁང་གི་གསར་འགྱུར་རང་དབང་ལ་གཏོར་བརླགས་བྱས་སོང་ཞེས་སྐྱོན་འཛུགས་བྱས་པར་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལིས་ཅན་གྱིས་ཚེས་སུམ་ཅུ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨ་མེ་རི་ཁས་གཡོ་ཟོལ་ཆེ་བའི་ངོ་གཉིས་མའི་ཚད་གཞི་དོར་ནས། རང་དབང་ཟེར་བར་ཁ་གཡར་ཏེ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་འོས་ཟེར།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར། ཞང་ཀང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་རྗེས། ཞང་ཀང་གི་འཕེལ་རྒྱས་ཡང་བསྐྱར་ཡང་དག་པའི་ལམ་དུ་བསྐྱོད་པ་དང་། གསར་འགྱུར་རང་དབང་དེར་བདེ་འཇགས་དང་གཏན་འཇགས། ཁྲིམས་སྐྱོང་བཅས་ཀྱི་ཁོར་ཡུག་འོག་ཏུ་འགན་ལེན་སྔར་ལས་བཟང་པོ་ཐོབ་ཡོད་པ་འདི་ནི་ཕྱོགས་རིས་ཅི་ཡང་མེད་པའི་མི་ཚང་མས་ཁས་མི་ལེན་ཐབས་མེད་ཡིན་པའི་དོན་དངོས་སུ་གྱུར་ཡོད་ཟེར།

ཁོས་བཤད་རྒྱུར། ཨ་མེ་རི་ཁས་གསར་འགྱུར་རང་དབང་ལ་རྒྱབ་སྐྱོར་བྱེད་པ་རྫུན་མ་དང་། ཞང་ཀང་གི་གཏན་འཇགས་མཐོང་མི་འདོད་པ་ནི་ངོ་མ་ཡིན། ཨ་མེ་རི་ཁའི་རྒྱལ་ནང་གི་གསར་འགྱུར་རང་དབང་བསྟུད་མར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་དེ། བསྒྲགས་པའི་གནས་ཚུལ་ལྟར་ན། ཉིས་སྟོང་ཉི་ཤུ་ལོར་ཨ་མེ་རི་ཁ་རུ་ཉུང་མཐར་ཡང་གསར་འགོད་པ་བརྒྱ་དང་བཅུ་བདུན་འཛིན་བཟུང་དང་ཡང་ན་བཀག་ཉར་བྱས་པ་དེ། ཉིས་སྟོང་བཅུ་དགུ་ལོ་ནས་ལྡབ་བཅུ་གཉིས་འཕར་ཡོད། གལ་ཏེ་ཨ་མེ་རི་ཁ་སྲིད་གཞུང་དོན་དངོས་གསར་རྗེན་དུ་འདོན་པར་མི་སྐྲག་པར་མ་ཟད་རང་ལ་ཡིད་ཆེས་དེ་ཙམ་ཡོད་ན། ཅིའི་ཕྱིར་ཨ་སང་ཆི་འཛིན་བཟུང་བྱས་ཏེ་མཐར་སྐྲོད་བཏང་བ་ཡིན། ཨ་མེ་རི་ཁས་གཡོ་ཟོལ་ཆེ་བའི་ངོ་གཉིས་མའི་ཚད་གཞི་དོར་ནས་རང་དབང་ཟེར་བར་ཁ་གཡར་ཏེ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་འོས་ཟེར།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ངན་སྐུལ་གྱི་དུས་དེབ་གཉེར་བར་དོགས་པ་ཟ་བའི་མི་སྣ་ཁྲིམས་ལྟར་འཛིན་བཟུང་བྱས་པ་དང་འབྲེལ་ཡོད་རྒྱུ་ནོར་བཀག་སྡོམ་བྱས་པ་དེ་ནི་ཞང་ཀང་གི་ཁྲིམས་སྐྱོང་ལ་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་སྒིག་ལམ་སྲུང་སྐྱོང་བྱས་པའི་ལུགས་མཐུན་གྱི་བྱེད་ཐབས་ཤིག་ཡིན་པ་ལས། གསར་འགྱུར་དང་གཏམ་བརྗོད་རང་དབང་ལ་འབྲེལ་བ་སྤུ་ཙམ་ཡང་མེད་ཟེར།

ཁོས་བཤད་རྒྱུར། ཞང་ཀང་ནི་ཁྲིམས་སྐྱོང་གི་སྤྱི་ཚོགས་ཤིག་ཡིན་ལ། ཞང་ཀང་གི་སྡོད་དམངས་ཀྱི་གསར་འགྱུར་དང་གཏམ་བརྗོད་རང་དབང་དང་བཅས་པའི་ཁྲིམས་མཐུན་དབང་ཆ་དང་རང་དབང་ལ་ཁྲིམས་ལྟར་འགན་ལེན་གང་ལེགས་ཐོབ་ཡོད། ཡིན་ནའང་གསར་འགྱུར་དང་གཏམ་བརྗོད་རང་དབང་དེ་ནག་ཉེས་བཟོ་བའི་ཁ་གཡོར་སར་འགྱུར་མི་རུང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་གསར་འགྱུར་བྱ་བར་འཇུག་མཁན་གྱིས་ངེས་པར་དུ་ཀྲུང་གོ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་བརྩི་སྲུང་ནན་མོ་བྱེད་དགོས་ལ། དེ་ལས་ལྡོག་སྟེ་ཁྲིམས་དང་འགལ་ཚེ་བཅའ་ཁྲིམས་ཀྱི་མཇུག་འབྲས་ཁུར་དགོས་ཟེར།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར། རྒྱལ་ཁབ་དང་རྩ་འཛུགས་གང་དང་། མི་སུ་ལ་ཡང་ཞང་ཀང་གི་དོན་དག་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད། ཕྱིའི་སྟོབས་ཤུགས་ཁ་ཤས་ཀྱིས་གསར་འགྱུར་རང་དབང་ལ་ཁ་གཡར་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་སྐྱོང་བར་ཡར་བཤད་མར་བཤད་བྱེད་པ་ནི། དཀར་ནག་གི་དབྱེ་བ་ལྡོག་པ་དང་གཞན་ལ་མགོ་སྐོར་གཏོང་བ་ཁོ་ན་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།