ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་དགུ་ཉིན་ཉེན་བརྡ་བཏང་ནས། འགོས་མེད་རང་བཞིན་སྔར་ལས་ཆེ་བའི་ཨོ་སྨི་ཁི་རོན་དུག་རྐང་དང་ད་ལྟ་ད་དུང་ཡང་རྒྱ་ཆེར་འགོས་བཞིན་པའི་ཏེལ་ཐ་དུག་རྐང་ལ་བཀག་འགོག་བྱེད་མ་ཐུབ་ཚེ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཕོག་པའི་ནད་པ་མཚོ་འཕྱུར་བ་བཞིན་དུ་ཇེ་མང་དུ་སོང་ནས། རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་ཁོངས་གཏོགས་ལ་གནོན་ཤུགས་ཧ་ཅང་ཆེན་པོ་སྟེར་སྲིད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐཱན་ཏི་སའེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་པྲོག་གསར་གློ་ཚད་ཆེས་ཆེར་མཆེད་པའི་ཚུན་ལ། རྩ་འཛུགས་དེས་སྤྱད་པའི་ཁ་གཏད་འཇལ་ཐབས་སྣ་ཚོགས་དང་དེའི་ཕན་ནུས་ལ་སྤྱི་སྡོམ་བྱས། ཁོས་ཨོ་སྨི་ཁི་རོན་དུག་རྐང་གི་འགོས་མཆེད་ནུས་པ་སྔར་ལས་ཆེ་བར་དོ་སྣང་ཆེན་པོ་བྱས་ཏེ། ཨོ་སྨི་ཁི་རོན་དང་ཏེལ་ཐ་དུག་རྐང་གཉིས་མཉམ་དུ་མཆེད་ན་ནད་པ་མཚོ་འཕྱུར་བ་བཞིན་དུ་ཇེ་མང་དུ་འགྲོ་སྲིད་ཟེར།
ཉེ་སྔོན་རྒྱལ་ཁབ་ཁ་ཤས་སུ་ནད་པ་གསར་པ་འབྱུང་ཚད་མྱུར་དུ་ཇེ་མང་ལ་འགྲོ་བཞིན་ཡོད། ཐཱན་ཏི་སའེ་ཡིས་སྣང་ཚུལ་འདིས་ངལ་བ་ཚད་མེད་མྱོང་བཞིན་པའི་འཕྲོད་བསྟེན་ལས་དོན་པ་དང་འཆལ་འཆོལ་དུ་འགྱུར་ཉེན་ཆེ་བའི་འཕྲོད་བསྟེན་ཁོངས་གཏོགས་ལ་གནོད་ཤུགས་ཧ་ཅང་ཆེན་པོ་སྟེར་བཞིན་པ་དང་སྟེར་སྲིད་པར་མ་ཟད། མི་རྣམས་ཀྱི་འཚོ་བ་ཡང་བསྐྱར་ཟིང་ཟིང་དུ་གཏོང་སྲིད་ཟེར།
གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཐཱན་ཏི་སའེ་ཡིས་ཡང་བསྐྱར་ཨོ་སྨི་ཁི་རོན་དུག་རྐང་ལས་བྱུང་བའི་ནད་གཞི་ཅུང་ཚབས་ཆེན་མིན་ཟེར་བའི་བཤད་ཚུལ་དེར་སེམས་ཁུར་བྱས་པ་དང་། འདུ་ཤེས་དེའི་རིགས་ཀྱིས་ཉེན་ཁ་བཟོ་སྲིད་ཅེས་བཤད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་འཕྲལ་བསྟུན་རྣམ་གྲངས་ཀྱི་ལག་བསྟར་ཀྲུའུ་རིན་རོས་ཨན་གྱིས་བཤད་རྒྱུ། ཨོ་སྨི་ཁི་རོན་དུག་རྐང་དེ་གཙོ་བོ་ན་གཞོན་པའི་ཁྲོད་ནས་འགོས་མཆེད་འབྱུང་འགོ་བརྩམས་པར་མ་ཟད། ན་གཞོན་པའི་ཁྲོད་དུ་ཤུགས་ཧ་ཅང་ཆེན་པོས་འཁོར་སྐྱོད་བྱེད་བཞིན་ཡོད་པ་དེས་ནད་དུག་འགོས་མཆེད་ཀྱི་སྤྱི་ཚོགས་མཉམ་འདྲེས་རྣམ་པ་ག་གེ་མོ་མཚོན་བཞིན་ཡོད་སྲིད། ཨོ་སྨི་ཁི་རོན་ལ་བལྟས་ཚོད་ཀྱིས་འགོས་མཆེད་རང་བཞིན་སྔར་ལས་ཆེ་བ་དང་བག་ཉལ་གྱི་དུས་སྐབས་སྔར་ལས་ཐུང་བར་མ་ཟད། དེ་ལས་བྱུང་བའི་ནད་གཞི་ཅུང་ཚབས་ཆེན་མིན་པ་འདྲ་མོད། ཡིན་ནའང་དེ་ནི་དུག་རྐང་དེ་མིག་སྔར་འགོས་པའི་མི་ཚོགས་གཙོ་བོ་ནི་ན་གཞོན་པ་ཡིན་པའི་རྐྱེན་རེད་ཟེར།
རོས་ཨན་གྱིས་བལྟས་ན། ཐེངས་འདིར་ཨོ་སྨི་ཁི་རོན་དུག་རྐང་ལས་བཟོས་པའི་ནད་ཡམས་ད་དུང་མི་ཚོགས་སྔར་ལས་རྒྱ་ཆེན་པོར་འགོས་མེད་པ་དང་། ད་ལྟའི་འགོག་ཁབ་ཀྱིས་ལོ་ལོན་དང་ཉམ་ཐག་མི་ཚོགས་ཁྲོད་དུ་ཨོ་སྨི་ཁི་རོན་འགོག་པའི་ཕན་ནུས་ཀྱང་ད་དུང་གསལ་བོ་མིན་པས། དུག་རྐང་འདི་ལ་ད་ལྟ་བརྡར་ཤ་བཅད་ན་སྔ་དྲགས་སོང་བར་འདོད།
ཁོས་ནན་གྱིས་བཤད་རྒྱུར། ཨོ་སྨི་ཁི་རོན་དུག་རྐང་གིས་ལོ་ན་ཅུང་ཆེ་བ་དང་ཉམ་ཐག་གི་མི་ཚོགས་ལ་གནོད་པ་ཅི་ཙམ་བཟོ་སྲིད་པ་གསལ་བོར་མི་ཤེས་པའི་སྐབས་འདིར། མ་འོངས་པའི་གཟའ་འཁོར་འགའི་ནང་ངེས་པར་དུ་ཨོ་སྨི་ཁི་རོན་དང་ཏེལ་ཐ་དུག་རྐང་གཉིས་འགོས་མཆེད་འབྱུང་ཚད་ཆེས་ཆུང་བའི་གཞི་ཁྱོན་དུ་ཚོད་འཛིན་བྱ་རྒྱུ་འདི་ནི་ཧ་ཅང་གལ་ཆེ་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨོ་སྨི་ཁི་རོན་དང་ཏེལ་ཐ་དུག་རྐང་གིས་འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་ཕོག་པའི་ནད་པ་མཚོ་འཕྱུར་བ་ནང་བཞིན་ཇེ་མང་དུ་གཏོང་སྲིད་ཅེས་བཤད།