ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ཐུང་ཟུར་པ་ཕེའོ་ཅིན་ཧོས་དམིགས་བསལ་གྱིས་བཙོན་བཀྲོལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཟུར་པ་ཕེའོ་ཅིན་ཧོས་ལ་ས་དེའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་དམིགས་བསལ་གྱིས་བཙོན་བཀྲོལ་ཐོབ་ནས། དངོས་སུ་བཙོན་ཁང་ལས་ཕྱིར་བཏང་།

ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཧན་གོའི་སྲིད་གཞུང་གིས་ནད་ཕོག་སྟེ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་ཕེའོ་ཅིན་ཧོས་ལ་དམིགས་བསལ་བཙོན་བཀྲོལ་གྱི་དཔང་ཡིག་བྱིན་པ་དང་། དེ་དང་མཉམ་དུ་རྒྱུན་དུ་ནད་ཁང་ནང་འདུག་ཏུ་བཅུག་པའི་ཉེན་རྟོག་པ་ཕྱིར་འཐེན་བྱས་པར་བསྟུན་ནས་བཙོན་བཀྲོལ་གྱི་གོ་རིམ་རྫོགས་པར་བྱས་ཟེར།

ཟླ་འདིའི་ཚེས་ཉེར་བཞི་ཉིན། ཧན་གོའི་སྲིད་གཞུང་གིས་ཕེའི་ཅིན་ཧོས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་དམིགས་བསལ་གྱིས་བཙོན་བཀྲོལ་གཏོང་རྒྱུ་ཡིན་ཞེས་བསྒྲགས། ཧན་གོའི་སྲིད་གཞུང་གིས་བཤད་རྒྱུར། རྒྱལ་དམངས་ཀྱི་མཐུན་སྒྲིལ་དང་ཕེའི་ཅིན་ཧོས་རང་ཉིད་ཀྱི་བདེ་ཐང་གི་གནས་ཚུལ་སོགས་རྒྱུ་རྐྱེན་མང་པོར་གཞིགས་ནས་དམིགས་བསལ་གྱིས་བཙོན་བཀྲོལ་གཏོང་རྒྱུའི་ཐག་བཅད་པ་ཡིན་ཟེར། ཕེའོ་ཅིན་ཧོས་ལ་ནད་ཕོག་པས་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་ནས་བཟུང་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱས་པ་རེད།

ཕེའོ་ཅིན་ཧོས་ཀྱིས་ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར་ཧན་གོའི་ཙུང་ཐུང་གི་འགན་ཁུར་བ་རེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པའི་ཚེས་བཅུ་ཉིན། ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་སྐབས་དེར་ཙུང་ཐུང་གི་འགན་ཁུར་བའི་ཕེའོ་ཅིན་ཧོས་གཏུག་བཤེར་བྱས་པའི་གྱོད་དོན་ལ་གྲོས་འཆམ་བྱུང་བ་དང་། ཕེའོ་ཅིན་ཧོས་ཀྱི་ཙུང་ཐུང་གི་གོ་གནས་བླངས་པར་མ་ཟད། ཁྲིམས་འཛིན་གུ་ཡངས་ཐོབ་པའི་དབང་ཆ་ཡང་ཤོར། ད་ལོའི་ཟླ་དང་པོར་ཕེའོ་ཅིན་ཧོས་ལ་རང་གི་གློ་ཉེའི་མི་ཡིས་སྲིད་དོན་ལ་ཐེ་གཏོགས་བྱས་པའི་གྱོད་གཞི་དང་རྒྱལ་ཁབ་གསང་འཕྲིན་ཁང་གི་དམིགས་བསལ་བྱ་འགུལ་གྲོན་དངུལ་བླངས་པའི་གྱོད་གཞིར་བརྟེན་ནས་ལོ་ཉི་ཤུའི་བཙོན་འཇུག་གི་ཁྲིམས་ཐག་བཅད། དེའི་སྔོན་ལ་རྒྱལ་ཚོགས་ཀྱི་འདེམ་བསྐོར་ཐེ་གཏོགས་བྱས་པའི་གྱོད་གཞིའི་ཁྲོད་ལོ་གཉིས་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་ཁར་བསྣན་ཚེ། བསྡོམས་པས་ལོ་ཉེར་གཉིས་ལ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཆད་བཅད་པ་དང་། བཙོན་འཇུག་གི་དུས་ཚོད་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་པའི་ཚེས་བཅུ་བདུན་ཉིན་ནས་བཟུང་བརྩི་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།