ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡ་མཱ་ལུའུ་ཀུའུ་ཞིང་ཆེན་གྱི་ཉེ་འཁོར་མཚོ་ཁོངས་སུ་རིམ་པ7.4ཅན་གྱི་ས་ཡོམ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས30ཉིན། ཧིན་རྡུ་ཉི་ཞི་ཡ་མཱ་ལུའུ་ཀུའུ་ཞིང་ཆེན་གྱི་ནུབ་ཕྱོགས་མཚོ་ཁོངས་སུ་རིམ་པ7.4ཅན་གྱི་ས་ཡོམ་བྱུང་ཞིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་རྒུད་ཀྱི་གནས་ཚུལ་ཅི་ཡང་འབྱོར་མེད་པ་རེད། 

ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་སའི་གོ་ལའི་དངོས་ལུགས་ཅུའུ་ཡི་དྲ་ཚིགས་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ཡཱ་ཅ་ཏའི་དུས་ཚོད་ཆུ་ཚོད1དང་སྐར་མ25(པེ་ཅིང་གི་ཆུ་ཚོད2དང་སྐར་མ25)སྟེང་བྱུང་ཞིང་། ཡོམ་ཁུངས་ནི་མཱ་ལུའུ་ཀུའུ་ཞིང་ཆེན་ནུབ་ཕྱོགས་ཀྱི་མཱ་ལུའུ་ཀུའུ་རྫོང་ཉེ་འགྲམ་གྱི་མཚོ་ཁོངས་ཡིན་ལ། ཡོམ་ཁུངས་ཟབ་ཚད་ནི་སྤྱི་ལེ210ཡིན་པ་རེད། 

བསྒྲགས་པའི་གནས་ཚུལ་ལྟར་ན། ཡོམ་ཁུངས་ཉེ་འཁོར་གྱི་གླིང་ཕྲན་དང་ཤང་གྲོང་ལ་ཡོམ་ཚོར་དྲག་པོ་བྱུང་ལ། དེ་ནས་ཅང་མ་འགོར་བར་ཡོམ་ཁུངས་ཉེ་འགྲམ་དུ་ཡང་བསྐྱར་རིམ་པ5.2ཅན་གྱི་འཕྲོ་ཡོམ་བྱུང་། ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་ཐེངས་འདིའི་ས་ཡོམ་ལས་མཚོ་ཡོམ་འབྱུང་བའི་སྔོན་བརྡ་བཏང་མེད་ནའང་། ཡོམ་ཁུངས་ཉེ་འགྲམ་དུ་འཕྲོ་ཡོམ་འབྱུང་སྲིད་པས་སྡོད་དམངས་རྣམས་དོགས་ཟོན་བྱ་དགོས་ཞེས་ཉེན་བརྡ་བཏང་ཡོད་པ་རེད། 

གཞན་ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་ཚད་རིམ7.3ཡིན་ལ་ཡོམ་ཁུངས་ཟབ་ཚད་ནི་སྤྱི་ལེ116.9ཡིན་པ་རེད།

ཧིན་རྡུ་ཉི་ཞི་ཡ་ནི་ཞི་བདེ་རྒྱ་མཚོའི་ས་ཡོམ་ཁུལ་དུ་གནས་སྟབས་ལོ་རེར་ས་ཡོམ་ཆེ་ཆུང་ཐེངས་སྟོང་ལ་ཉེ་བ་བྱུང་དང་འབྱུང་བཞིན་ཡོད། 2018ལོའི་ཟླ9པར་ཧིན་རྡུ་ཉི་ཞི་ཡའི་ཀྲུང་སུའུ་ལཱ་ཝེ་ཞི་ཞིང་ཆེན་ཏུང་ཅཱ་ལ་རྫོང་དུ་རིམ་པ7.4ཅན་གྱི་ས་ཡོམ་བྱུང་བས། ས་ཡོམ་དང་མཚོ་ཡོམ་ལས་མི2000ལྷག་གི་ཚེ་སྲོག་ཤོར་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།