ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་ཙུང་ཐུང་གིས་བྲེལ་མྱུར་གྱི་རྒྱལ་ཡོངས་གྲོས་མོལ་སྤེལ་ནས་ཉམས་ཉེན་ལས་ཐར་བར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་ཉེར་བདུན་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། བྲེལ་མྱུར་གྱི་རྒྱལ་ཡོངས་གྲོས་མོལ་སྤེལ་བ་དང་གནད་འགག་གནད་དོན་ཐག་གཅོད་བྱས་ནས། ཉམས་ཉེན་ལས་ཐར་བ་དང་རྒྱལ་ཁབ་ཉམས་རྒུད་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨོ་ཨིན་གྱིས་གཏམ་བཤད་སྤེལ་སྐབས་སྲིད་ཏང་རེ་འགས་སྲིད་གཞུང་སྲིད་འཛིན་ལས་ཁུངས་ཀྱིས་གྲོས་ཚོགས་སྤེལ་བར་བཀག་འགོག་བྱས་པས། སྲིད་གཞུང་གིས་རྒྱུན་ལྡན་ངང་བྱ་བ་སྤེལ་བ་དང་ཐབས་ཇུས་འདོན་ཐོབ་མེད་པའི་སྣང་ཚུལ་བྱུང་བར་སྐྱོན་འཛུགས་བྱས། 

མུས་ཁཱ་ཐིས་ཀྱིས་ཟླ་དགུ་བར་ལེ་པཱ་ནུན་གྱི་ཙུང་ལིའི་འགན་ཁུར་ནས་ལོ་ངོ་གཅིག་ཙམ་གྱི་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་ཛ་དྲག་གི་གནས་བབ་མཇུག་སྒྲིལ་ཡང་། ཟླ་ངོ་གཅིག་གི་རྗེས་སུ། ལེ་པཱ་ནུན་གྱི་སྲིད་གཞུང་ཡང་བསྐྱར་དཀའ་ཁག་གི་གནས་སུ་ལྷུང་། ཀྲིན་ཀྲུའུ་ཏང་དང་དེའི་མནའ་མཐུན་གྲོགས་པོས་པེ་རུ་ཐི་གྲུ་ཁའི་འགས་གཏོར་ཆེན་མོའི་གྱོད་དོན་ལ་རྟོག་ཞིབ་བྱེད་པའི་ཁྲིམས་དཔོན་ལ་ཕྱོགས་རིས་ཡོད་པར་སྐྱོན་འཛུགས་བྱས་ཏེ། ཁྲིམས་དཔོན་བརྗེ་སྤོར་མ་བྱས་ན་སྲིད་གཞུང་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་ལ་ཞུགས་མི་སྲིད་པའི་ཚུལ་བསྟན། མུས་ཁཱ་ཐིས་ཀྱིས་འོལ་ཚོད་ཀྱིས་སྲིད་གཞུང་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་བསྡུ་མི་སྤོབས་པ་དང་། སྲིད་ཏང་ལ་ལ་སྲིད་གཞུང་ལས་ཕྱིར་བུད་ཚེ་སྲིད་གཞུང་རྩ་རྫོགས་བྱེད་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད། 

ཨོ་ཨིན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། འདི་ལྟར་འགོར་འགྱངས་བྱས་ན་གནོད་པ་ཚབས་ཆེན་འབྱུང་སྲིད་པས། སྲིད་གཞུང་གིས་མྱུར་མོར་གྲོས་ཚོགས་བསྡུས་ཏེ་སྲིད་འཛིན་ཐབས་ཇུས་གལ་ཆེན་འདོན་པར་དགོས་གལ་ཧ་ཅང་ཆེ་ཟེར། ཁོས་རྒྱལ་ཡོངས་ཀྱི་གྲོས་མོལ་ནས་སྲིད་འཛིན་དང་དངུལ་ལོར་གྱི་དབང་ཆ་འོག་རིམ་ལ་སྟེར་བ་དང་། ལེ་པཱ་ནུན་ལ་སྲུང་སྐྱོབ་བྱེད་པའི་རྒྱལ་སྲུང་འཐབ་ཇུས། དངུལ་ལོར་དང་དཔལ་འབྱོར་སླར་གསོའི་འཆར་གཞི་བཅས་གནད་འགག་གི་གནད་དོན་གསུམ་ལ་གྲོས་འཆམ་འབྱུང་བར་རེ་བཞིན་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།