ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཨུ་རུ་སི་ཡིས་སྒེར་ཚུགས་མཉམ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ཟེར།
ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། སྒེར་ཚུགས་མཉམ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་མོལ་ཉིན་དེར་ཧྲིན་པིས་ཏི་པའོ་ནས་སྤེལ་བ་དང་། ཕུའུ་ཅིན་དང་། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ། ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཐཱ་ཅི་ཁི་སི་ཐན། ཐུའུ་ཁུའུ་མན་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐོག་མ་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་སོགས་གྲོས་མོལ་ལ་ཞུགས།
ཕུའུ་ཅིན་གྱིས་གྲོས་མོལ་བྱེད་སྐབས་སྒེར་ཚུགས་མཉམ་འབྲེལ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། འདས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་། སྒེར་ཚུགས་མཉམ་འབྲེལ་རྒྱལ་ཁབ་དག་ལ་གཞི་རྩའི་རང་བཞིན་གྱི་འགྱུར་ལྡོག་མང་བོ་བྱུང་ཡོད། སྒེར་ཚུགས་མཉམ་འབྲེལ་བཙུགས་པ་ནི་ཡང་དག་པའི་གདམ་གསེས་ཤིག་ཡིན་ལ། རྒྱལ་ཁབ་སོ་སོའི་རྒྱལ་ཁབ་བདེ་འཇགས་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་གཞི་གཅིག་ཅན་འཕེལ་རིམ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་ཡོད། ཨུ་རུ་སི་ཡིས་སྒེར་ཚུགས་མཉམ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ཟེར།
ཕུའུ་ཅིན་གྱིས་བཤད་རྒྱུར། སུའུ་ལེན་གྱི་དུས་སྐབས་ནས་བཟུང་བཙུགས་པའི་འབྲེལ་བ་དེས་སྒེར་ཚུགས་མཉམ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་སྐབས། སྒེར་ཚུགས་མཉམ་འབྲེལ་རྒྱལ་ཁབ་དག་གིས་འབྲེལ་འདྲིས་ཟབ་མོར་བརྟེན་ནས་རྒྱལ་ཁབ་མང་བོ་དང་བསྡུར་ན་རིམས་ནད་ཀྱི་འགྲན་རྩོད་ཐག་གཅོད་གང་ལེགས་བྱས་ཡོད་ཟེར།
ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་དང་སྤྱི་ཕན་ལྟ་རྟོག་ཅུའུ་ཡི་ཅུའུ་ཀྲང་། རྒྱལ་ཁབ་ཀྱི་སྤྱི་ཁྱབ་རིམས་འགོག་མཁན་པའོ་པའོ་ཝ་ཡིས་ཉིན་དེར་སྒེར་ཚུགས་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་དུ་རིམས་འགོག་བྱེད་པ་དང་། རིམས་ནད་གནས་བབ་ཐད་ཀྱི་སྔོན་དཔག་སོགས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་སྒེར་ཚུགས་མཉམ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་པའི་ཚུལ་བསྟན།