ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་འཇར་པན་གྱི་ནུས་གྲོན་ཁོར་སྲུང་གི་ཕྱོགས་བསྡུས་གླེང་སྟེགས་སྐབས་བཅོ་ལྔ་བ་བརྙན་ལམ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཚོང་དོན་པུའུ། འཇར་པན་གྱི་དཔལ་འབྱོར་ཐོན་ལས་པུའུ། འཇར་པན་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་བཅས་ཀྱིས་མཉམ་དུ་སྤེལ་བའི་ཀྲུང་གོ་དང་འཇར་པན་གྱི་ནུས་གྲོན་ཁོར་སྲུང་གི་ཕྱོགས་བསྡུས་གླེང་སྟེགས་སྐབས་བཅོ་ལྔ་བ་ཚེས་ཉེར་དྲུག་ཉིན་བརྙན་ལམ་ནས་སྤེལ། 

ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལི་ཧྥུན་གྱིས་གཏམ་བཤད་སྤེལ་ཏེ། ད་ལོ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པ་དང་། ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་ཐོབ་ཡོད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པའི་ཐད་གྲུབ་འབྲས་གསར་བ་ཐོབ་ཡོད་ལ། ལྷད་མེད་ཐཱན་ཉུང་གི་འཕེལ་སྟངས་བསྒྱུར་བར་གྲུབ་འབྲས་གསར་བ་ཐོབ་ཡོད་པར་མ་ཟད། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བྱ་བར་རྣམ་པ་གསར་བ་བྱུང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མགོ་ལེགས་པར་རྩོམ་པ་མངོན་འགྱུར་བྱུང་ཡོད་ཟེར། 

ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། པྲོག་གསར་གློ་ཚད་རིམས་ནད་ཚོད་འཛིན་བྱེད་པའི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བའི་གནས་ཚུལ་འོག ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། སྐབས་གསར་བའི་གླེང་སྟེགས་སྤེལ་ནས་མཉམ་དུ་ལྷད་མེད་རིམ་འཕར་ལ་གྲོས་མོལ་བྱས་ཤིང་། ཐཱན་ཉུང་འཕེལ་རྒྱས་ལ་མཉམ་གྲོས་མོལ་བྱེད་པ་དང་། མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་ཡོད་ལ། ཕྱོགས་གཉིས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་ལས་བྱེད་པའི་ཐུན་མོང་གི་རེ་འདུན་ཡང་མཚོན་ཡོད་པར་འདོད། 

ཕྱོགས་གཉིས་ཀྱིས་བསྟན་དོན། ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་ལ་དམིགས་ཏེ། ཧུར་ཐག་སྒོས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་གྱི་ཁྲིད་སྟོན་འོག་དཔལ་འབྱོར་སླར་གསོ་དང་། ལྷད་མེད་འཕེལ་རྒྱས། དམངས་འཚོའི་ལེགས་བཅོས་བཅས་མངོན་འགྱུར་བྱེད་དགོས། གཅིག་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་དགོས། གཉིས་ནས་སྲིད་ཇུས་ཀྱི་གྲོས་མོལ་དང་བརྗེ་རེས་ལ་ཤུགས་སྣོན་དགོས། གསུམ་ནས་ནུས་གྲོན་ཁོར་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཟེར། 

ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་ཕན་ནུས་མཐོར་འདེགས་དང་རླངས་འཁོར་གློག་སྒུལ་ཅན་དང་རིག་ནུས་ཅན། དག་གཙང་གློག་ཤུགས། ཀྲུང་གོ་དང་འཇར་པན་གྱི་དུས་ཡུན་རིང་བོའི་ཉོ་ཚོང་བཅས་ཡན་ལག་གླེང་སྟེགས་བཞི་སྤེལ་ཏེ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་དང་ཁེ་ལས། ལས་ཁུངས། མཐུན་ཚོགས་བཅས་ཀྱི་འཐུས་མི་སུམ་བརྒྱ་དང་དྲུག་ཅུ་ཙམ་དྲ་ཐོག་དང་ཡུལ་དངོས་ཀྱི་བརྗེ་རེས་བྱ་འགུལ་ལ་ཞུགས། སྐབས་འདིའི་གླེང་སྟེགས་སྟེང་ཕྱོགས་གཉིས་ཀྱིས་མཉམ་ལས་ལས་གཞི་བཅུ་གཅིག་སྤེལ་ཡོད། 

ཀྲུང་གོ་དང་འཇར་པན་གྱི་ནུས་གྲོན་ཁོར་སྲུང་གི་ཕྱོགས་བསྡུས་གླེང་སྟེགས་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པའི་ཕྱོགས་བསྡུས་རང་བཞིན་གྱི་གླེང་སྟེགས་ཤིག་ཡིན་པ་དང་། ཉིས་སྟོང་དྲུག་ལོ་ནས་ད་ལྟའི་བར་སྐབས་བཅོ་ལྔ་སྤེལ་ཡོད་ཅིང་། རིམ་བསགས་ཀྱིས་མཉམ་ལས་ལས་གཞི་བཞི་བརྒྱ་དང་བཅུ་གསུམ་བཀོད་དེ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་ནུས་གྲོན་ཁོར་སྲུང་དང་ལྷད་མེད་འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།