ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་མེ་སྒོར་དུང་ཕྱུར་གསུམ་ལྷག་བཏང་སྟེ་ཀི་ལན་མཐོ་སྒང་གི་ཡིའུ་ཐེ་བའི་སྡེ་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་པེ་ནེ་ཐི་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། མེ་སྒོར་དུང་ཕྱུར་གསུམ་ལྷག་བཏང་སྟེ་ཀི་ལན་མཐོ་སྒང་གི་ཡིའུ་ཐེ་བའི་སྡེ་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་ས་དེའི་མི་གྲངས་ལྡབ་གཅིག་ཁ་སྣོན་བྱེད་རྒྱུ་ཡིན་ཟེར། 

པེ་ནེ་ཐི་ཡིས་ཉིན་དེར་བསྡུས་པའི་སྲིད་གཞུང་སྲིད་འཛིན་ལས་ཁུངས་ཀྱི་གྲོས་ཚོགས་སྟེང་བསྟན་དོན། ལོ་མང་བོའི་རིང་ལ་ཀི་ལན་མཐོ་སྒང་གི་ཡིའུ་ཐེ་བའི་སྡེ་ཁུལ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་མེད་པ་དང་། ཆད་སྐྱོན་མང་བོ་ཞིག་ཁ་གསབ་བྱེད་དགོས། དབྱི་སི་རལ་སྲིད་གཞུང་གི་དམིགས་འབེན་ནི་ཀི་ལན་མཐོ་སྒང་གི་མི་གྲངས་ལྡབ་གཅིག་ཇེ་མང་དུ་གཏོང་རྒྱུ་རེད། དེ་བས་དབྱི་སི་རལ་གྱིས་ས་ཁུལ་དེར་ཡིའུ་ཐེ་བའི་གཏན་སྡོད་བྱེད་ས་གཉིས་གསར་འཛུགས་བྱེད་རྒྱུ་མ་ཟད། ས་དེའི་གྲོང་ཁྱེར་ཁཱ་ཚི་ལིན་གྱི་གཞི་རྒྱ་ཇེ་ཆེར་གཏོང་རྒྱུ་རེད། མེ་སྒོར་དུང་ཕྱུར་གསུམ་ལྷག་གི་མ་དངུལ་དེ་གྲོང་སྲིད་འཆར་འགོད་དང་སྡོད་ཁང་འཛུགས་སྐྲུན། གནས་སྐོར་དང་བཟོ་ཚོང་ལས་རིགས་འཕེལ་རྒྱས་སུ་གཏོང་བ། ལས་ཞུགས་གོ་སྐབས་གསར་བསྐྲུན་བྱེད་པ། འགྲིམ་འགྲུལ་དང་སྨན་བཅོས་ཆ་རྐྱེན་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་བཀོལ་རྒྱུ་རེད། 

ཀི་ལན་མཐོ་སྒང་ནི་སི་རི་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་གནས་ཕྲ་ལ་རིང་བ་ཞིག་ཡིན་པ་དང་། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་འཐབ་འཁྲུག་ཐེངས་གསུམ་པའི་ཁྲོད་ས་ཁུལ་དེ་བཙན་བཟུང་བྱས་ཏེ། དེར་ཚོད་འཛིན་དང་དོ་དམ་བྱས་ནས་ཕྱིར་སི་རི་ཡཱ་ལ་མ་སྤྲད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁུལ་དེ་དབྱི་སི་རལ་གྱི་མངའ་ཁོངས་ཡིན་པར་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།