ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཨ་སྒོར་དུང་ཕྱུར3.18ལྷག་བཏང་ནས་གུ་ལན་མཐོ་སའི་ཡིའུ་ཐའེ་པའི་སྡེ་ཁུལ་འཛུགས་སྐྲུན་ཐད་ཤུགས་སྣོན་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས26ཉིན། དབྱི་སི་རལ་གྱི་ཙུང་ལི་པའེ་ན་ཐུ་ཡིས་བསྒྲགས་དོན། དབྱི་སི་རལ་གྱིས་ཞིན་ཞེ་ཁུ་ཨར་སྒོར་དུང་ཕྱུར10(ཕལ་ཆེར་ཨ་སྒོར་དུང་ཕྱུར3.18ལྷག)བཏང་ནས་གུ་ལན་མཐོ་སའི་ཡིའུ་ཐའེ་པའི་སྡེ་ཁུལ་འཛུགས་སྐྲུན་ཐད་ཤུགས་བསྣན་ནས་མི་གྲངས་ལྡབ་གཅིག་འཕར་བར་བྱ་རྒྱུ་རེད། 

པའེ་ན་ཐུ་ཡིས་ཉིན་དེར་འཚོགས་པའི་ནང་སྲིད་གྲོས་ཚོགས་སྟེང་བསྟན་དོན། ལོ་མང་རིང་གུ་ལན་མཐོ་སའི་ཡིའུ་ཐའེ་པའི་སྡེ་ཁུལ་ལ་འཛུགས་སྐྲུན་མ་བྱས་སྟབས་ད་ཐེངས་འཕེལ་རྒྱས་ཀྱི་བར་ཁྱད་ལ་ཁ་གསབ་བྱ་རྒྱུ་ཡིན་ལ། སྲིད་གཞུང་གི་དམིགས་འབེན་ཡིན་ན“གུ་ལན་མཐོ་སའི་མི་གྲངས་ལྡབ་གཅིག་འཕར་བར་བྱ་འཆར་ཡོད་པ་རེད།” དེ་བས། དབྱི་སི་རལ་གྱིས་ས་ཁུལ་དེ་གར་ཡིའུ་ཐའེ་པའི་གཏན་སྡོད་བྱེད་ས་གཉིས་གསར་དུ་འཛུགས་རྒྱུ་མ་ཟད། ས་གནས་དེ་གའི་གྲོང་ཁྱེར་ཁཱ་ཚི་ལིན་གྱི་གཞི་རྒྱ་ཇེ་ཆེར་གཏོང་རྒྱུ་རེད། ཞིན་ཞེ་ཁུ་ཨར་སྒོར་དུང་ཕྱུར10དེ་གྲོང་ཁྱེར་འཆར་འགོད་དང་སྡོད་ཁང་འཛུགས་སྐྲུན། ཡུལ་སྐོར་དང་བཟོ་ཚོང་ལས་རིགས་གོང་སྤེལ། ལས་ཞུགས་གོ་སྐབས་གསར་སྐྲུན། འགྲིམ་འགྲུལ་དང་སྨན་བཅོས་ཆ་རྐྱེན་ལེགས་བཅོས་བཅས་ཀྱི་ཐད་ལ་བཀོལ་རྒྱུ་རེད། 

གུ་ལན་མཐོ་ས་ནི་དབྱི་སི་རལ་གྱི་ལྷོ་ནུབ་ཕྱོགས་ཀྱི་དོག་རིང་ས་རྒྱུད་ཅིག་ཡིན་ལ། དབྱི་སི་རལ་གྱིས1967ལོར་ཀྲུང་ཏུང་དམག་འཁྲུག་ཐེངས་གསུམ་པའི་སྐབས་ནས་བཙན་བཟུང་བྱས་ཏེ་ད་རག་བར་ཕྱིར་སི་རི་ཡ་ལ་མ་སྤྲད་པ་རེད། ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཁོངས་དེ་དབྱི་སི་རལ་གྱི་ས་ཁོངས་ཡིན་པ་ཁས་ལེན་བྱེད་ཀྱིན་མེད། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས1981ལོར་གྲོས་འཆམ་བྱུང་བའི་ཆོད་དོན་ཨང497པ་ལྟར་ན། དབྱི་སི་རལ་གྱིས་གུ་ལན་མཐོ་སར་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་དང་བདག་སྐྱོང་དབང་ཆ། སྲིད་འཛིན་སྡེ་ཁག་བཅས་ཚང་མ་ནུས་མེད་ཡིན་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ནུས་པ་མེད་ཅེས་བསྟན་འདུག །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།