ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་དམག་དཔུང་གིས་དམག་སྦྱོང་ཁྲོད་དུ་འཕུར་མདའ་འཕངས་ཏེ་དབྱི་སི་རལ་ཕྱོགས་ཀྱི་འཇིགས་སྐུལ་གསར་པར་རྒོལ་ལན་སྤྲད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གིས་ཚེས་ཉེར་བཞི་ཉིན་གཞི་ཁྱོན་ཆེན་པོའི་མཉམ་འབྲེལ་དམག་སྦྱོང་ཁྲོད་དུ་འཕུར་མདའ་མི་འདྲ་བ་བཅུ་དྲུག་འཕངས། དབྱི་ལང་དྲག་ཆས་དམག་དཔུང་གི་སྤྱིའི་ཇུས་འདོན་དཔོན་པཱ་ཀའེ་ལེ་ཡིས་ཉིན་དེར་བཤད་རྒྱུར། ཐེངས་འདིའི་དམག་སྦྱོང་གི་དམིགས་ཡུལ་ནི་དབྱི་སི་རལ་ཕྱོགས་ཀྱི་འཇིགས་སྐུལ་གསར་པར་རྒོལ་ལན་སྤྲོད་རྒྱུ་དེ་ཡིན་ཟེར།

དབྱི་ལང་གི་གསར་འགྱུར་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་གིས་ཉིན་དེར་རླབས་ཆེན་མངོན་མཁྱེན་པ17ཞེས་པའི་དམག་སྦྱོང་གི་ཆེས་མཇུག་མཐའི་ཉིན་མོར་རྒྱང་འཕེན་དང་འབྲིང་འཕེན། ཐུང་འཕེན་འཕུར་མདའ་བཅུ་དྲུག་འཕངས་ལ། འཕུར་མདའ་རྣམས་དམིགས་འབེན་ལ་ཕོག་ཚད་བརྒྱ་ཆའི་བརྒྱ་ཡིན་པར་མ་ཟད་དམིགས་འབེན་རྩ་མེད་དུ་བརླགས་སོང་ཟེར།

པཱ་ཀའེ་ལེ་ཡིས་བསྟན་དོན། ཐེངས་འདིའི་དམག་སྦྱོང་གི་དམིགས་ཡུལ་ནི་དབྱི་སི་རལ་གྱི་འཇིགས་སྐུལ་གསར་པར་རྒོལ་ལན་འོས་འཚམ་སྤྲོད་རྒྱུ་དེ་ཡིན། དབྱི་ལང་དམག་དཔུང་གིས་དུས་མཉམ་དུ་འཕུར་མདའ་བཅུ་དྲུག་འཕངས་ནས་དམིགས་འབེན་ལ་ཕོག་ཐུབ་པ་དེས་དབྱི་ལང་གི་འཕུར་མདའ་ཁ་ཤས་ཀྱི་སྟོབས་ཤུགས་མ་གཏོགས་ད་དུང་མཚོན་མེད་ཟེར།

དབྱི་ལང་དབྱི་སི་ལན་གསར་བརྗེའི་སྲུང་དམག་གིས་ཚེས་ཉི་ཤུ་ཉིན་ནས་བཟུང་དབྱི་ལང་གི་ལྷོ་ཕྱོགས་ས་ཁུལ་དུ་དུས་ཡུན་ཉིན་ལྔའི་མཉམ་འབྲེལ་དམག་སྦྱོང་སྤེལ་ལ། གསར་བརྗེ་སྲུང་དམག་གི་སྐམ་དམག་དང་མཚོ་དམག མཁའ་དམག་བཅས་དམག་སྦྱོང་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།