ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གིས་ལྷག་བསམ་རྣམ་དག་སྒོས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་ཞུགས་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དབྱི་ལིང་གིས་ལྷག་བསམ་རྣམ་དག་གིས་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སྤེལ་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧི་སེ་དབྱིན་དང་གྲོས་མོལ་བྱས། དེའི་རྗེས་སུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། སྐོར་ཐེངས་བདུན་པའི་ཨ་མེ་རི་ཁ་དང་དབྱི་ལིང་གིས་ཆིངས་ཡིག་སླར་གསོ་བྱེད་པའི་གྲོས་མོལ་ལ་ཇུས་གཞི་གསར་བ་དང་གཅིག་གྱུར་གྱི་གྲོས་རིམ་ཆགས་ཡོད་ལ། དེ་ནི་གྲུབ་འབྲས་གལ་ཆེན་ཞིག་རེད་ཟེར། 

ཁོས་བསྟན་དོན། དབྱི་ལིང་གིས་བལྟས་ན་གྲོས་མོལ་ལ་ཞུགས་པའི་དབྱིན་ཇི་དང་ཧྥ་རན་སི། འཇར་མན་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་གྱི་ལངས་ཕྱོགས་ལ་འཛུགས་སྐྲུན་རང་བཞིན་མི་ལྡན་པར་འདོད་པ་དང་། གྲོས་མོལ་བྱེད་སྐབས་ཀྱང་རང་འགུལ་གྱི་རྣམ་འགྱུར་མངོན་མེད། ཡིན་ཡང་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མིའི་ནུས་པ་བཟང་བོ་ཡིན་པར་འདོད། བརྒྱུད་དེ་གྲོས་མོལ་ལ་ཞུགས་པའི་ཨ་མེ་རི་ཁས་ཡིག་ཆར་གྲུབ་མེད་པའི་བརྡ་འཕྲིན་བསྟན་ཡོད་པ་དང་། དགོས་ངེས་ཀྱི་ལན་ཐོབ་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། དབྱི་ལིང་གིས་ལྷག་བསམ་རྣམ་དག་གིས་གྲོས་མོལ་ལ་ཞུགས་རྒྱུ་ཡིན་ཡིན་ཡང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་ཉིད་རྗེས་སུ་ནུར་ནས་དབྱི་ལིང་ལ་མདུན་སྐྱོད་བྱེད་པའི་རེ་བ་འདོན་པའི་གྲོས་མོལ་ཐབས་ཇུས་དང་ལེན་བྱེད་མི་སྲིད། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་བྱ་འགུལ་གྱི་སེམས་ཁུར་མེད་པར་གཏོང་འདོད་ན། དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་དགོས་ཟེར། 

ཧི་སེ་དབྱིན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དབྱི་ལིང་དང་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་སོགས་ཀྱི་ཐད་ནས་ཐད་ཀར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་ཡིས་ཚེས་ཉེར་གསུམ་ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། སྐོར་ཐེངས་བརྒྱད་པའི་གྲོས་མོལ་དེ་ཚེས་ཉེར་བདུན་ཉིན་ནས་མགོ་རྩོམ་རྒྱུ་ཡིན་པ་དང་། ཁོས་ཐག་གཅོད་བྱས་མེད་པའི་གནད་དོན་ཐག་གཅོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།