ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་སྲིད་གཞུང་གིས་སྲིད་འཛིན་གྱི་རྒྱལ་ས་གསར་བ་ནས་རྒྱལ་སྲིད་ལས་ཁུངས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་སྲིད་གཞུང་གིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་སྲིད་གཞུང་གིས་ཉིན་དེར་སྲིད་འཛིན་གྱི་རྒྱལ་ས་གསར་བ་ནས་རྒྱལ་སྲིད་ལས་ཁུངས་ཀྱི་གྲོས་ཚོགས་ཐོག་མ་སྤེལ། 

གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ནས་ཨེ་ཅིབ་ཀྱི་ཉེ་སྔོན་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་གྲོས་གཞི་གཙོ་བོར་གྲོས་བསྡུར་བྱས་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཐད་ནས་ཨེ་ཅིབ་ཀྱི་མང་ཚོགས་ལ་འགོག་སྨན་འདང་ཚིམས་པ་ཇི་ལྟར་འདོན་སྤྲོད་བྱེད་པ་སོགས་འདུས། 

ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལེ་ཡིས་ཚོགས་ཐོག་ནས་བསྟན་དོན། སྲིད་གཞུང་སྲིད་འཛིན་རྒྱལ་ས་གསར་བར་སྤར་བ་ནི་གཞུང་སྒྲུབ་བྱེད་སའི་ས་གནས་ལ་འགྱུར་ལྡོག་བྱུང་བ་ཙམ་མ་ཡིན་པར། ཨེ་ཅིབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་བཅོས་སྐྱོང་ནུས་པ་མཐོར་འདེགས་དང་གྲངས་ལྡན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས་ཏེ། མདུན་དུ་ལྷགས་པའི་འགྲན་རྩོད་མང་བོའི་འོག་ཏུ་མཛེས་སྡུག་གི་མ་འོངས་པ་གསར་བསྐྲུན་བྱེད་དགོས་ཟེར། 

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཟླ་བཅུ་གཅིག་པའི་ཟླ་མགོར་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་སྲིད་གཞུང་གིས་ཟླ་བཅུ་གཉིས་པ་ནས་བཟུང་རྒྱལ་ས་ཁེ་རོ་ཤར་ངོས་ཀྱི་སྤྱི་ལེ་ཞེ་ལྔའི་མཚམས་སུ་ཡོད་པའི་སྲིད་འཛིན་རྒྱལ་ས་གསར་བར་སྤར་རྒྱུ་ཡིན་པ་དང་། དུས་ཡུན་ཟླ་ངོ་དྲུག་གི་ཚོད་ལྟའི་འཁོར་སྐྱོད་བྱེད་རྒྱུ་ཡིན་ཟེར། མིག་སྔར་ཨེ་ཅིབ་ཀྱི་པུའུ་ཨུ་སྐོར་ཞིག་སྲིད་འཛིན་རྒྱལ་ས་གསར་བའི་གཞུང་སྒྲུབ་ཐོག་ཁང་ཆེན་མོར་སྤར་ཡོད། 

ཁེ་རོའི་མི་གྲངས་མང་བ་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་ཅུང་ཞན་པ་ཡིན། ཨེ་ཅིབ་སྲིད་གཞུང་གིས་ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་ཁེ་རོའི་ཤར་ངོས་ཀྱི་བྱེ་ཐང་དུ་སྲིད་འཛིན་རྒྱལ་ས་ཞིག་འཆར་འགོད་བྱས། སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བདུན་བརྒྱ་ཙམ་ཡོད། ཨེ་ཅིབ་སྲིད་གཞུང་གིས་ཚོད་དཔག་བྱས་ན་སྲིད་འཛིན་རྒྱལ་ས་གསར་བས་ལས་ཞུགས་གོ་སྐབས་ས་ཡ་གཉིས་ཙམ་གསར་བསྐྲུན་བྱེད་ཐུབ་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།