ཁུན་ཉི་ཡའི་ཙུང་ཐུང་གིས་ཀྲུང་གོའི་ལས་གཞི་ཡིས་ས་གནས་འདི་གའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད་ཅེས་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས23ཉིན། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་མ་དངུལ་བཏང་ཞིང་འཛུགས་སྐྲུན་བྱས་པའི་ཁུན་ཉི་ཡའི་རྒྱལ་ས་ནེ་ལའོ་པུ་མྱུར་བགྲོད་གཞུང་ལམ་གྱི་ཟམ་པ་གཙོ་བོ་ཤར་གཏོང་བྱེད་པའི་མཛད་སྒོ་ནེ་ལའོ་པུ་རུ་བསྡུས། ཁུན་ཉི་ཡའི་ཙུང་ཐུང་ཁུན་ཡ་ཐཱ་མཛད་སྒོར་ཞུགས་ཏེ། ཀྲུང་གོའི་ལས་གཞི་ཡིས་ས་གནས་འདི་གའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། འགྲན་སློང་ནུས་ཤུགས་མཐོར་འདེགས་གཏོང་བར་སྐུལ་སྤེལ་བྱས་ཡོད་ཟེར། 

ཁུན་ཡ་ཐཱ་ཡིས་ཀྲུང་གོ་ཀུང་ཟིའི་ནུས་པ་ལ་བསྟོད་བསྔགས་བྱས་པ་མ་ཟད། སང་ལོའི་ཟླ3པར་ནེ་ལའོ་པུ་མྱུར་བགྲོད་གཞུང་ལམ་ཧྲིལ་བོ་ཤར་གཏོང་བེད་སྤྱོད་བྱ་ཐུབ་པར་གདེང་ཚོད་ཡོད་ཟེར།

ཁུན་ཡ་ཐཱ་ཡིས་བཤད་རྒྱུར། ནེ་ལའོ་པུ་མྱུར་བགྲོད་གཞུང་ལམ་ནི་རྨང་གཞི་སྒྲིག་ཆས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ལ། ལེགས་འགྲུབ་བྱུང་རྗེས་འགྲིམ་འགྲུལ་སྟབས་བདེ་དང་འཚོ་བའི་འགྲོ་གྲོན་ཇེ་ཉུང་། གྲོང་ཁྱེར་གྱི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་བཅས་གཏོང་ཐུབ། གཞན་ལས་གཞི་འདི་ཡིས་ལས་ཞུགས་ལས་རྐང6000འདོན་སྤྲོད་བྱས་ཡོད་ལ། ཨར་སྐྲུན་ཀུང་སི200དང་ས་གནས་དེ་གའི་རྒྱུ་ཆ་འདོན་སྤྲོད་ཀུང་སི་བརྒྱ་ལྷག་ལ་ཕན་ཁེ་སྐྲུན་ཡོད་ཟེར། 

ཁུན་ཡ་ཐཱ་ཡིས་བསྟན་དོན། ཀྲུང་གོས་ཁུན་ཉི་ཡ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱས་ཡོད་སྟབས་ཁུན་ཉི་ཡ་ཡིས་མུ་མཐུད་དུ་ཀྲུང་གོ་སྲིད་གཞུང་དང་མཉམ་ལས་བྱ་རྒྱུ་ཡིན་ལ། ཁུན་ཉི་ཡ་དང་ཀྲུང་གོ་བར་གྱི་འབྲེལ་བ་ནི་གཉིས་ཕན་མཉམ་རྒྱལ་གྱི་རོགས་ཟླའི་འབྲེལ་བ་ཡིན་པས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཁུན་ཉི་ཡ་དང་ཧྥེ་གླིང་གི་རྒྱལ་ཁབ་གཞན་དག་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར། 

ངོ་སྤྲོད་བྱས་པ་ལྟར་ན། ནེ་ལའོ་པུ་མྱུར་བགྲོད་གཞུང་ལམ་ནི་ཀྲུང་གོ་ལམ་ཟམ་བཟོ་སྐྲུན་ཚད་ཡོད་འགན་ལེན་ཀུང་སིས་གསར་སྤེལ་དང་འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་ཤིང་། སྤྱིའི་རིང་ཚད་ལ་སྤྱི་ལེ27.1དང་ཕྱོགས་གཉིས་ལ་འཁོར་ལམ་བཞི་ཡི་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད། 

ཁུན་ཉི་ཡ་རུ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཀྲིའུ་ཕིན་ཅན་དང་ཁུན་ཉི་ཡ་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་མཱ་ཁྲ་ལིས་ཡ་བཅས་ཉིན་དེའི་བྱ་འགུལ་ནང་ཞུགས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།