ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་སོ་སོར་ཧྥ་རན་སི་དང་འཇར་མན་གྱི་འགོ་ཁྲིད་པར་ཁ་པར་བཏང་སྟེ་ཨུ་རུ་སིའི་བདེ་འཇགས་འགན་སྲུང་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་སོ་སོར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་གཉིས་ལ་ཁ་པར་བཏང་སྟེ། ཨུ་རུ་སི་ཡིས་སྤྲད་པའི་ཨུ་རུ་སི་དང་ཨ་མེ་རི་ཁའི་བདེ་འཇགས་འགན་སྲུང་གི་ཆིངས་ཡིག་འཆར་ཟིན་དང་། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་བདེ་འཇགས་འགན་སྲུང་གི་བྱེད་ཐབས་གྲོས་མཐུན་སོགས་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་སོ་སོར་ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ། གཙོ་བོ་ཨུ་རུ་སི་དང་ཨ་མེ་རི་ཁའི་བདེ་འཇགས་འགན་སྲུང་གི་ཆིངས་ཡིག་འཆར་ཟིན་དང་། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་བདེ་འཇགས་འགན་སྲུང་གི་བྱེད་ཐབས་གྲོས་མཐུན་སོགས་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་ཨུ་རུ་སིའི་ཕྱོགས་ཀྱིས་བཅའ་ཁྲིམས་ཐད་ནས་དུས་ཡུན་རིང་བོའི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པའི་གྲོས་གཞི་རྒྱས་བཤད་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱིས་སྔར་ལས་ལྷག་པར་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་དང་ཨུ་རུ་སིའི་ཁྱིམ་མཚེས་རྒྱལ་ཁབ་དག་ཏུ་དཔུང་འཇུག་རང་བཞིན་གྱི་མཚོན་ཆའི་མ་ལག་བཀོད་སྒྲིག་བྱེད་པར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན། 

གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་ཧྥ་རན་སི་དང་འཇར་མན་གྱི་འགོ་ཁྲིད་པ་གཉིས་དང་མཉམ་དུ་ཝུའུ་ཁི་ལན་ནང་ཁུལ་གྱི་འཁྲུག་རྩོད་གནད་དོན་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱིས་མེན་སི་ཁིའི་གྲོས་མཐུན་ལག་བསྟར་མ་བྱས་པས་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ཡང་བསྐྱར་བསྡུ་བར་བཀག་རྒྱ་བཟོས་ཡོད་ཟེར། 

གཞན་ཡང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་དྲ་ཚིགས་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཧྲའོ་ཨར་ཚི་ཡིས་ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱེད་སྐབས་ཝུའུ་ཁི་ལན་གྱི་གནས་བབ་དང་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ནོའུ་མན་ཏིས་རྣམ་པའི་སྒྲོམ་གཞིའི་འོག་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།