ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་ལྟ་རྟོག་སྒྲིག་ཆས་དེ་གཏོར་བརླག་བྱ་འགུལ་ཐད་བཀོལ་མི་སྲིད་པར་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཁཱ་མེད་ལེ་ཝན་ཏིས་ཀྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་ཉིང་རྡུལ་ནུས་པའི་རྩ་འཛུགས་བར་མཉམ་ལས་བྱས་ཏེ། དབྱི་ལིང་གི་ཁཱ་ལཱ་ཅི་ས་ཁུལ་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ནང་ལྟ་རྟོག་བརྙན་མིག་སྒྲིག་སྦྱོར་བྱས་པ་དེ་གཏོར་བརླག་བྱ་འགུལ་ཐད་བཀོལ་མི་སྲིད་པར་འགན་སྲུང་བྱེད་དགོས་ཟེར། 

ཁཱ་མེད་ལེ་ཝན་ཏིས་ཀྱིས་བསྟན་དོན། ལག་རྩལ་དང་བདེ་འཇགས། ཁྲིམས་འཛིན་ཞིབ་བཤེར་བཅས་ཞིབ་མོ་བརྒྱུད་ན། ད་གཟོད་ཁཱ་ལཱ་ཅིའི་ཉིང་རྡུལ་ནུས་པའི་ཞིབ་འཇུག་འཕྲུལ་ཆས་ཀྱི་འཁོར་ཁང་དུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལྟ་རྟོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཐུབ། དེ་ལས་གཞན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལག་རྩལ་མི་སྣས་དབྱི་ལིང་གི་བདེ་འཇགས་ཆེད་མཁས་པས་ལྟ་རྟོག་སྒྲིག་ཆས་འདི་དག་གི་ཐད་ནས་འདོན་སྲིད་པའི་གནད་དོན་ལ་ལན་འདེབས་པའི་འོས་འགན་ཡོད་ཟེར། 

ཁཱ་མེད་ལེ་ཝན་ཏིས་ཀྱིས་བཤད་རྒྱུར། ལྟ་རྟོག་སྒྲིག་ཆས་ཀྱིས་ཐོ་འགོད་བྱས་པའི་གཞི་གྲངས་ཉར་གསོག་བྱང་བུའི་ནང་ཉར་དགོས་པ་དང་། ཉར་གསོག་བྱང་བུ་བཀང་བའི་སྐབས་སུ་ཉར་གསོག་བྱང་བུ་དེ་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་བླངས་ཏེ་མཉམ་དུ་དོ་དམ་བྱེད་དགོས་ལ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་གཞི་གྲངས་དེ་དག་ལ་ལྟ་ཐབས་མེད་ཟེར། བྱེད་ཐབས་དེ་དག་ནི་དབྱི་ལིང་གྲོས་ཁང་གིས་ཉིས་སྟོང་ཉི་ཤུ་ལོར་ཆོག་མཆན་བཀོད་པའི་འཐབ་ཇུས་འགུལ་སྐྱོད་འཆར་གཞི་ཞིག་གཞིར་བཟུང་བ་ཡིན་ལ། དམིགས་ཡུལ་ནི་ཨ་མེ་རི་ཁའི་ཕྱོགས་གཅིག་གི་བཀག་སྡོམ་མེད་པར་གཏོང་བ་དང་། དབྱི་ལིང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་འགན་སྲུང་གྲོས་ཆོད་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་སྒོ་ནས་ལྟ་རྟོག་བྱེད་པར་སྔོན་འགོག་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་ཟེར། 

ཁཱ་མེད་ལེ་ཝན་ཏིས་ཀྱིས་བསྟན་དོན། འཐབ་ཇུས་འགུལ་སྐྱོད་འཆར་གཞིའི་དམིགས་འབེན་མངོན་འགྱུར་བྱུང་རྗེས་དང་། དབྱི་ལིང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་བཏང་ཚེ། ལྟ་རྟོག་གཞི་གྲངས་དེ་ད་གཟོད་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་སྤྲད་ཆོག་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།