ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཉིན་དེར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། དབྱི་སི་རལ་གྱི་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དབྱི་སི་རལ་གྱི་མི་གཉིས་ལ་རྨས་ཕོག་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་བྱང་ངོས་ཀྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ཉེ་འདབས་ནས་བྱུང་། རླངས་འཁོར་ཞིག་ལ་མེ་མདའི་འཇབ་རྒོལ་ཐེབས་ཏེ། དབྱི་སི་རལ་གྱི་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དབྱི་སི་རལ་གྱི་མི་གཉིས་ལ་རྨས་ཕོག རྨས་མ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། འཇབ་རྒོལ་བྱེད་ཐབས་ཡུལ་དངོས་ནས་བྲོས་བྱོལ་བྱས་པ་དང་། འཛིན་བཟུང་བྱ་བ་སྤེལ་བཞིན་པའི་སྒང་རེད། 

གཞན་ཡང་དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་འཇབ་རྒོལ་མཁན་གྱིས་རླངས་འཁོར་ཞིག་ལ་མེ་མདས་བརྒྱབ་སྟེ་མི་གསུམ་ལ་མེ་མདའ་ཕོག དེའི་ནང་སྐྱེས་པ་ཞིག་སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། དབྱི་སི་རལ་གྱི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་ནི་འཆར་གཞི་ལྡན་པ་ཞིག་ཡིན་སྲིད་ལ། འཇབ་རྒོལ་མཁན་གཅིག་གིས་མི་ཚད་པ་ཡོད་སྲིད་ཟེར། 

དབྱི་སི་རལ་གྱི་ཙུང་ལི་པེ་ནེ་ཐི་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ནས། བདེ་འཇགས་དམག་དཔུང་གིས་མྱུར་མོར་འཇིགས་སྐུལ་ཉེས་ཅན་ཁྲིམས་ལ་སྦྱོར་དགོས་ཟེར། རྒྱལ་སྲུང་པུའུ་ཀྲང་ཀན་ཚི་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཉེན་ཟོན་མཐོར་འདེགས་བྱས་ཏེ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་འཇིགས་སྐུལ་བྱ་འགུལ་ཕམ་ཉེས་སུ་གཏོང་རྒྱུ་མ་ཟད། མུ་མཐུད་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ས་ཁུལ་དེའི་འཇིགས་སྐུལ་རྩ་འཛུགས་ཚར་གཅོད་བྱེད་རྒྱུ་ཡིན་ཟེར། 

གཞན་ཡང་ཕཱ་ལེ་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་སོགས་ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་གཟེངས་བསྟོད་བྱས་ཀྱང་། མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།