མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་མིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བརྩི་སྲུང་ནན་མོ་བྱེད་དགོས་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་མི་ཐཱ་ཧི་ཐི་ལཱ་ཝན་ཞེ་ཡིས་ཚེས་བཅུ་བཞི་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྟན་དོན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་ངེས་པར་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཕྱོགས་ཡོངས་ནས་བརྩི་སྲུང་བྱེད་པའི་རྣམ་པར་གནས་དགོས་ཟེར། 

ཐཱ་ཧི་ཐི་ལཱ་ཝན་ཞེ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཐད་ནས་གྲོས་ཚོགས་བསྡུས་རྗེས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་ནན་གྱིས་བསྟན་དོན། མིག་སྔའི་གནས་བབ་བྱུང་བའི་གཞི་རྩའི་རྒྱུ་རྐྱེན་ནི་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་དབྱི་ལིང་ལ་ཡང་བསྐྱར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པས་རེད། དབྱི་ལིང་གིས་རང་ཉིད་ཀྱི་དམ་བཅའ་བརྩི་སྲུང་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་ཡོད་ཟེར། 

ཐཱ་ཧི་ཐི་ལཱ་ཝན་ཞེ་ཡིས་བལྟས་ན། མིག་སྔའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ནི་ཕྱོགས་སོ་སོས་ཕན་ནུས་ལྡན་ཞིང་དཔྱད་ཞིབ་ཆོག་པའི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཁས་ལེན་དགོས། དབྱི་ལིང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་ཡོད་ཚད་མེད་པར་གཏོང་དགོས་སྙམ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་མི་སྲིད་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་གཏན་འཁེལ་ལས་རིམ་གང་འདོད་དུ་བཀོལ་མི་སྲིད་པར་ཁག་ཐེག་བྱེད་དགོས། ད་ལྟ་ནི་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་འགན་འཁྲི་ལག་བསྟར་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཕྱོགས་ཡོངས་ནས་བརྩི་སྲུང་བྱེད་པའི་དུས་ལ་བབས་ཡོད། དེའི་གདམ་གསེས་དབང་ཆ་ཁོ་ཚོའི་ལག་ཏུ་ཡོད་པས་ཁོ་ཚོས་གོ་སྐབས་དམ་འཛིན་བྱེད་དགོས་ཟེར། 

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་སྐོར་ཐེངས་བདུན་པའི་གྲོས་མོལ་ཚེས་དགུ་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་མུ་མཐུད་དུ་སྤེལ། ཐཱ་ཧི་ཐི་ལཱ་ཝན་ཞེ་ཡིས་བཤད་རྒྱུར། གྲོས་མོལ་ལ་ཞུགས་པའི་དབྱི་ལིང་གི་འཐུས་ཚབ་ཚོགས་པས་ཕྱོགས་ཁག་སོ་སོའི་བར་དོན་སྙིང་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། ཕྱོགས་སོ་སོས་གཅིག་མཐུན་གྱི་རྣམ་འགྱུར་འཛིན་པར་རེ་བཞིན་ཡོད་ཟེར། ཁོས་བསྟན་དོན། ཕྱོགས་སོ་སོས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱེད་པ་དང་། ལྷག་བསམ་རྣམ་དག་དང་ངེས་པ་དོན་གྱི་ཆབ་སྲིད་རེ་འདུན་མངོན་པར་བྱས་ཏེ། གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་ཡར་སྐུལ་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།