མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་ནས་དུས་ལྟར་མཚོ་ཁུགས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་སྐབས་ཞེ་གཉིས་པ་ཚེས་བཅུ་བཞི་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སྤེལ། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་མྱུར་མོར་མཚོ་ཁུགས་ཐུན་མོང་ཚོང་རའི་འཛུགས་སྐྲུན་ཡོངས་འགྲུབ་བྱས་ཏེ། ཉིས་སྟོང་ཉེར་ལྔ་ལོར་དུས་ལྟར་མཚོ་ཁུགས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་མངོན་འགྱུར་བྱེད་དགོས་ཟེར། 

སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། ང་ཚོས་དར་རྒྱས་ཆེ་བའི་དཔལ་འབྱོར་ཐུན་མོང་ཚོགས་པ་ཞིག་འཛུགས་པར་རེ་སྒུག་བྱས་ཡོད་པས། ཡོང་འབབ་སྣ་མང་ཅན་མངོན་འགྱུར་བྱས་པའི་རྨང་གཞིའི་སྟེང་འགྲན་རྩོད་ནུས་པ་ལྡན་པའི་ཚོང་རའི་ཁོར་ཡུག་ཅིག་མཁོ་གལ་ཆེ་ཟེར། 

མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ནཱ་དབྱེ་ཧྥུའུ་ཡིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་སྐབས་སོ་དགུ་བ་ནས་ཉིས་སྟོང་ཉེར་ལྔ་ལོར་མཚོ་ཁུགས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་མངོན་འགྱུར་བྱེད་པར་གཏན་འཁེལ་བྱས་པའི་ཚུན་ལ། བསྟུད་མར་སྐབས་བཞིའི་མགོ་གཙོའི་གྲོས་ཚོགས་ནས་དམིགས་འབེན་དེ་དུས་ལྟར་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར། 

མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དྲུག་གི་མགོ་གཙོའམ་འཐུས་མི་གྲོས་ཚོགས་ལ་ཞུགས་པ་དང་། གྲོས་ཚོགས་གྲོལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་དེ་བདེ་འཇགས་དང་འཇིགས་སྐུལ་ངོ་རྒོལ། རིམས་འགོག དེ་མིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན། ཡེ་མིན་གྱི་གནད་དོན། ཨ་ཧྥུའུ་ཧན་གྱི་གནས་བབ་སོགས་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་འབྲེལ་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།