ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་སྲིད་གཞུང་གི་སྙན་ཞུ་ཐོག་མ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས་བཅོ་ལྔ་ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ནས་ལས་འགན་ཁུར་རྗེས་ཀྱི་སྲིད་གཞུང་གི་སྙན་ཞུ་ཐོག་མ་སྤེལ་ཏེ། སྲིད་གཞུང་གསར་བས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་ནུས་ཁུངས་ཀྱི་རྣམ་པ་ལེགས་བསྒྱུར་དང་ཁོར་ཡུག་སྲུང་སྐྱོབ། ཡོ་རོབ་གླིང་གི་མཐུན་སྒྲིལ་ལ་ཤུགས་སྣོན་པར་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་སྲིད་ཇུས་རྒྱས་བཤད་བྱས། 

ཧྲའོ་ཨར་ཚི་ཡིས་བཤད་རྒྱུར། སྲིད་གཞུང་གསར་བས་སྟོབས་ཤུགས་གང་ཡོད་བཏོན་ནས་མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་རྒྱུ་ཡིན་ཟེར། ཁོས་མང་ཚོགས་དག་གིས་འབྲེལ་འདྲིས་ཇེ་ཉུང་དུ་བཏང་ནས་འགོག་སྨན་བརྒྱག་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་དྲག་ཤུགས་ཀྱི་ཐབས་ལ་བརྟེན་ནས་འགོག་སྨན་བརྒྱག་པར་ངོ་རྒོལ་བྱེད་པའི་ཐལ་སྤྱོད་མི་སྣ་ཉུང་ཤོས་ཀྱིས་རང་གི་འདོད་བློ་དེ་མི་མང་ཆེ་བའི་སྟེང་དུ་བཙན་འཇོག་བྱེད་མི་རུང་བའི་ཉེན་བརྡ་བཏང་། 

ཧྲའོ་ཨར་ཚི་ཡིས་ད་རུང་བསྟན་དོན། འཇར་མན་གྱིས་མུ་མཐུད་དུ་ནུས་ཁུངས་ལེགས་བསྒྱུར་དང་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། སྲིད་གཞུང་གསར་བས་ཉིས་སྟོང་སུམ་ཅུ་ལོའི་བར་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་གློག་འདོན་ཚད་མིག་སྔར་གཏན་འཁེལ་བྱས་པའི་བརྒྱ་ཆའི་རེ་ལྔ་ནས་བརྒྱ་ཆའི་བརྒྱད་ཅུར་ཇེ་མཐོར་བཏང་སྟེ། ཚན་རྩལ་གོང་འཕེལ་གྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར། སྤྱི་ཚོགས་ཀྱི་ཕན་བདེ་ལེགས་བཅོས་བྱེད་པའི་ཐད་ནས་སྲིད་གཞུང་གསར་བས་སྟོབས་ཤུགས་སྔར་ལས་ཆེན་པོ་བཏོན་ནས། བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་མ་མཐའི་ཟླ་ཕོགས་ཇེ་མཐོར་གཏོང་བ་དང་སྡོད་ཁང་གསར་བ་ལས་པ། འཕྲོད་བསྟེན་ཕན་བདེ་ཇེ་མཐོར་གཏོང་བ་སོགས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

ཕྱི་འབྲེལ་སྲིད་ཇུས་ཐད་ནས་ཧྲའོ་ཨར་ཚི་ཡིས་འཇར་མན་གྱི་ཡོ་རོབ་གླིང་གི་ལངས་ཕྱོགས་ནན་བཤད་བྱས། འཇར་མན་བློ་བརྟན་འགྱུར་མེད་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་གནས་ཏེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་མཐུན་སྒྲིལ་སྲུང་འཛིན་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མིག་སྔའི་གནས་བབ་ཐད་ནས་ཁོས་ཨུ་རུ་སིའི་སྲིད་གཞུང་བར་གྲོས་མོལ་སྲུང་འཛིན་བྱེད་འདོད་ཡོད་པའི་ཚུལ་བསྟན་ཀྱང་། འཇར་མན་གྱིས་ཡོ་རོབ་གླིང་གི་གྲོགས་པོའི་བར་གཅིག་གྱུར་ཡོང་བར་སྲུང་འཛིན་བྱེད་རྒྱུ་ནན་བཤད་བྱས། 

དེ་ལས་གཞན་ཧྲའོ་ཨར་ཚི་ཡིས་སྔོན་ཆད་ཀྱི་ཙུང་ལི་མའོ་ཁི་ཨར་ལ་གུས་སེམས་བསྟན་པ་དང་། མའོ་ཁི་ཨར་གྱིས་འདས་པའི་ལོ་ངོ་བཅུ་དྲུག་རིང་འཇར་མན་ལ་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།