ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ནང་ལྟ་རྟོག་བརྙན་མིག་སྒྲིག་ཆས་གསར་བ་སྒྲིག་སྦྱོར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གིས་ཚེས་བཅོ་ལྔ་ཉིན་གྲོས་མཐུན་བཀོད་དེ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཁཱ་ལཱ་ཅི་ས་ཁུལ་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཤིག་གི་ནང་ལྟ་རྟོག་བརྙན་མིག་སྒྲིག་ཆས་གསར་བ་སྒྲིག་སྦྱོར་བྱེད་རྒྱུ་ཡིན་ཟེར། 

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མཐུན་དེ་ནི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་དབྱེ་སི་ལཱ་མུས་ཀྱིས་ཉིན་དེར་བཀོད་པ་རེད། གྲོས་མཐུན་ལྟར་ན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཟླ་བཅུ་གཉིས་པའི་ཟླ་མཇུག་གི་སྔོན་ལ་ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པའི་དུས་ཚོད་གཞིར་བཟུང་སྟེ། ཁཱ་ལཱ་ཅི་ས་ཁུལ་གྱི་ཉིང་རྡུལ་ནུས་པའི་ཞིབ་འཇུག་གི་སྒྲིག་ཆས་འཁོར་ཁང་དུ་ལྟ་རྟོག་བརྙན་མིག་སྒྲིག་ཆས་གསར་བ་སྒྲིག་སྦྱོར་བྱས་ཏེ། ད་ལོའི་ལོ་སྟོད་དུ་སྒྲིག་ཆས་དེ་ལས་གཏོར་ལེན་བྱས་པའི་ལྟ་རྟོག་སྒྲིག་ཆས་ཀྱི་ཚབ་བྱེད་རྒྱུ་རེད། 

དེ་ལས་གཞན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གིས་མུ་མཐུད་དུ་ཐག་གཅོད་བྱས་མེད་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་བྱ་བ་སྤེལ་རྒྱུ་རེད། དེ་བས་ཕྱོགས་གཉིས་ཀྱིས་ཆེད་མཁས་པའི་གྲོས་ཚོགས་སོགས་བརྒྱུད་དེ་བརྡ་འཕྲིན་རབ་དང་རིམ་པར་བརྗེ་རེས་དང་དཔྱད་འཇོག་བྱེད་རྒྱུ་རེད། 

ཀི་ལོ་ཞི་ཡིས་ཉིན་དེར་བསྟན་དོན། གྲོས་མཐུན་དེ་ནི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་ཞིབ་བཤེར་དང་ལྟ་རྟོག་བྱ་འགུལ་སྤེལ་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་སྤེལ་ནས་ཐག་གཅོད་བྱས་མེད་པའི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།