ཀྲུང་གོ་བོད་ཀྱི་དྲ་བ།

ཧེ་ཐི་ནས་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧེ་ཐིའི་ཙུང་ལི་ཧིན་ལེ་ཡིས་ཚེས་བཅུ་བཞིའི་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། བྱང་ཕྱོགས་ཀྱི་ཧེ་ཐི་ཅོ་གྲོང་ཁྱེར་ནས་ཉིན་དེར་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་བྱུང་བ་རེད། ཧེ་ཐི་ཅོ་གྲོང་ཁྱེར་གྱི་ཧྲིན་ཀྲང་གཞོན་པ་ཨ་ཨར་མའོ་ནོའུ་ཡིས་བཤད་རྒྱུར། སྣུམ་འདྲུད་རླངས་འཁོར་དེ་འཕྲུལ་རྟ་ཞིག་ལ་གཞོལ་ཆེད་ཁ་ཕྱོགས་བསྒྱུར་ནས་ཁ་ལོ་བྱེད་ཐབས་བྲལ་ཏེ་ལོག་པ་རེད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་མི་མང་བོས་སྣོད་བཟུང་སྟེ་སྣུམ་ལེན་བཞིན་ཡོད་ཟེར། འགས་གཏོར་དེ་ལས་ཁང་བ་གྱན་ཉི་ཤུ་ཙམ་མེར་འབར་ཡོད་ལ། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། 

ཧིན་ལེ་ཡིས་བསྟན་དོན། ཧེ་ཐི་ཅོ་རུ་མྱུར་མོར་གནས་སྐབས་སྨན་ཁང་བཀོད་སྒྲིག་བྱས་ཏེ་རྨས་མར་དགོས་ངེས་ཀྱི་གསོ་བཅོས་བྱེད་དགོས་ཟེར། ཁོས་ཧེ་ཐིའི་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཚབ་བྱས་ཏེ་འདས་པོའི་ཁྱིམ་མི་དང་དོན་རྐྱེན་དེའི་ཤུགས་རྐྱེན་ཐེབས་པའི་མི་སྣ་གཞན་པར་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ཡོངས་ནས་ཉིན་གསུམ་རིང་འདས་པོར་མྱ་ངན་ཞུ་དགོས་པ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།