ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཧྥ་རན་སིའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བཞི་ཉིན་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཁ་པར་བཏང་སྟེ། ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། ཕོ་ལན་དང་པའོ་ལོ་ཏི་མཚོ་ཁོངས་ཀྱི་རྒྱལ་ཁབ་དག་ཡུལ་གྱར་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་འོས་འགན་དང་འགལ་ཡོད་པས། མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་སྟེ་ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་དཀར་པོས་ཐད་ཀར་གྲོས་མོལ་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱས་པར་གཟེངས་བསྟོད་བྱས། 

ཝུའུ་ཁི་ལན་གྱི་གནས་བབ་གླེང་སྐབས་ཕུའུ་ཅིན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་གནས་བབ་དེ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་རེ་འགའི་རྒྱབ་སྐྱོར་འོག་བསམ་བཞིན་དུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འབྲེལ་འདྲིས་ས་ཁུལ་གྱི་ཛ་དྲག་གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་། དེ་ལས་གཞན་ཝུའུ་ཁི་ལན་གྱིས་སྒྲིག་སྦྱོར་བྱེད་བཞིན་པའི་དེང་རབས་ཅན་གྱི་མཚོན་ཆ་ཡིས་ཨུ་རུ་སིའི་བདེ་འཇགས་ལ་ཐད་ཀར་འཇིགས་ཉེན་བཟོས་ཡོད་པས། མྱུར་མོར་རྒྱལ་སྤྱིའི་གྲོས་མོལ་སྤེལ་ནས་བྱང་ཆིངས་རྩ་འཛུགས་ཀྱིས་ཤར་དུ་རྒྱ་བསྐྱེད་པ་དང་ཨུ་རུ་སིའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཨུ་རུ་སིར་འཇིགས་སྐུལ་བའི་མཚོན་ཆ་བཀོད་སྒྲིག་བྱེད་པའི་བྱ་སྤྱོད་ཐག་གཅོད་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འཛུགས་དགོས་ཟེར། 

བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས། 

གཞན་ཡང་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། མཱ་ཁི་ལུང་གིས་ཁ་པར་གཏོང་སྐབས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་མཐོང་ཆེན་བྱེད་པ་དང་། ནོའུ་མན་ཏིས་རྣམ་པའི་སྒྲོམ་གཞིའི་ནང་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།