ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པས་ཉམས་ཉེན་ཁྲོད་ཀྱི་བུད་མེད་དང་བུ་མོ་ལོ་ཆུང་ལ་ཞལ་འདེབས་འབུལ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པས་ཚེས་བཅུ་གསུམ་ཉིན་ལས་ཁུངས་དེའི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཞལ་འདེབས་འབུལ་བའི་འབོད་སྐུལ་བཏང་སྟེ། ཉིས་སྟོང་ཉེར་གཉིས་ལོར་ཉམས་ཉེན་ཁྲོད་ཀྱི་བུད་མེད་དང་བུ་མོ་ལོ་ཆུང་སོགས་ལ་མེ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གསུམ་ས་ཡ་ལྔའི་མ་དངུལ་བསྡུ་རུབ་བྱེད་དགོས་པའི་རེ་བ་བཏོན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པས་བསྟན་དོན། འཁྲུག་རྩོད་དང་རྒྱུན་མཐུད་ཀྱི་པྲོག་གསར་གློ་ཚད་རིམས་ནད། ནམ་ཟླའི་འགྱུར་ལྡོག་བཅས་ཀྱི་དབང་གིས་ཚབས་ཆེན་དུ་གྱུར་བའི་རང་བྱུང་གནོད་འཚེ་ཡིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་གི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཇེ་ཆེར་སོང་བ་དང་། འགྲོ་སའི་ཁྱིམ་མེད་པའི་མི་སྔར་ལས་ཇེ་མང་དུ་སོང་། རྒུད་སྐྱོབ་ཞབས་ཞུ་ཐོབ་ཐབས་མེད་ལ་རང་གི་འཚོ་བར་ཤུགས་རྐྱེན་ཐེབས་སྲིད་པའི་ཐབས་ཇུས་ནང་ཞུགས་ཐབས་མེད་པའི་བུད་མེད་དང་བུ་མོ་ལོ་ཆུང་ལ་གཏོར་བརླག་རང་བཞིན་ལྡན་ཞིང་ཡོད་མི་འོས་པའི་གྱོང་གུད་བཟོས་ཡོད། དེ་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པས་ཞལ་འདེབས་འབུལ་བའི་འབོད་སྐུལ་བཏང་སྟེ། ཉིས་སྟོང་ཉེར་གཉིས་ལོར་རྒྱལ་ཁབ་རེ་གཅིག་གི་བུད་མེད་དང་བུ་མོ་ལོ་ཆུང་། ན་གཞོན་བཅས་མི་བྱེ་བ་ལྔ་དང་ས་ཡ་བཞི་ལྷག་ལ་རོགས་རམ་བྱེད་པར་རེ་བཞིན་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ཁཱ་ནེ་མུའུ་ཡིས་བསྟན་དོན། མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གང་ཡང་རྗེས་ལ་ལུས་སུ་མི་འཇུག་པའི་ཞོར་དུ། ངེས་པར་དུ་སྔོན་ལ་མི་ཆོས་རིང་ལུགས་ཉམས་ཉེན་གྱི་ཤུགས་རྐྱེན་ཐེབས་པའི་བུད་མེད་དང་བུ་མོ་ལོ་ཆུང་གི་ཁེ་དབང་དང་དགོས་མཁོར་བསམ་བློ་གཏོང་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པས་བསྟན་དོན། ལས་ཁུངས་དེས་དུས་ལྟར་ཚོད་དཔག་ཐུབ་ལ། སྤྱོད་སྒོ་བབ་བསྟུན་ཡིན་པའི་མ་དངུལ་གྱིས་བུད་མེད་དང་བུ་མོ་ལོ་ཆུང་། ན་གཞོན་བཅས་ཀྱི་ཚེ་སྲོག་སྐྱོབ་དགོས་པ་དང་། དེའི་ལ་རྒྱ་དང་དེས་མ་འོངས་པར་བཟུང་བའི་རེ་བར་སྲུང་སྐྱོབ་བྱེད་དགོས། མི་ཆོས་རིང་ལུགས་ཀྱི་ཞལ་འདེབས་འབུལ་བའི་འབོད་སྐུལ་དེ་ལས་ལས་ཁུངས་དེ་དང་མཉམ་ལས་གྲོགས་པོས་མཉམ་དུ། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་ཉམས་ཉེན་ཁྲོད་ཀྱི་བུད་མེད་དང་བུ་མོ་ལོ་ཆུང་། ན་གཞོན་པ་བཅས་ཀྱི་ཁེ་དབང་དང་བདེ་ཐང་། ཚེ་སྲོག་བཅས་ལ་སྲུང་སྐྱོབ་བྱེད་པར་འགན་སྲུང་བྱེད་དགོས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པས་བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོར། པྲོག་གསར་གློ་ཚད་རིམས་ནད་ལས་འགྲན་རྩོད་མང་བོ་བྱུང་ཞིང་། ལས་ཁུངས་དེ་དང་དེའི་མཉམ་ལས་གྲོགས་པོས་རྒྱལ་ཁབ་ཞེ་གཉིས་ཀྱི་བུད་མེད་བྱེ་བ་གཉིས་དང་ས་ཡ་དགུ་ལྷག་ལ་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། རྒྱལ་ཁབ་སོ་དགུའི་མི་ས་ཡ་དྲུག་ལ་འཆར་ལྡན་བུ་སྐྱེས་ཞབས་ཞུ་འདོན་སྤྲོད་བྱས། རྒྱལ་ཁབ་ཉེར་དགུ་ནས་བུད་མེད་ས་ཡ་གཅིག་དང་འབུམ་ལྔ་ལྷག་གིས་བདེ་འཇགས་ངང་བུ་བཙའ་བར་རོགས་རམ་བྱས། དྲག་ཤུགས་མནར་གཅོད་ཐེབས་མཁན་ས་ཡ་གཉིས་དང་འབུམ་བཞི་ལ་རྒྱབ་སྐྱོར་ཞབས་ཞུ་འདོན་སྤྲོད་བྱས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།