ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་སོ་ཁི་ཐའོ་མངའ་སྡེ་རུ་ཉེ་སྔོན་དྲག་ཆས་ཉེས་ཅན་གྱིས་སྤྱི་སྤྱོད་རླངས་འཁོར་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་བཟོས་ཏེ། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག་ཡོད་ཟེར། 

སོ་ཁི་ཐའོ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཨོ་ཁུན་ལོ་ལཱ་ཡིས་ཚེས་བརྒྱད་ཉིན་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་སོ་ཁི་ཐའོ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འགྲུལ་བ་གང་དྲུད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་ཚེས་དྲུག་ཉིན་མངའ་སྡེ་དེའི་སཱ་པང་པུས་ཨར་ནེ་ས་ཁུལ་དུ་དྲག་ཆས་ཉེས་ཅན་སྐོར་ཞིག་གི་བཀག་འགོག་འཇབ་རྒོལ་ཐེབས་ཏེ། རླངས་འཁོར་སྟེང་གི་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག་ཡོད་ཟེར། མིག་སྔར་རྨས་མ་དག་ས་དེའི་སྨན་ཁང་ཞིག་ཏུ་བསྐྱལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ཟེར། 

ཨོ་ཁུན་ལོ་ལཱ་ཡིས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སར་ཉེན་རྟོག་པ་མངག་ནས་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་པ་དང་དྲག་ཆས་ཉེས་ཅན་གྱི་རྗེས་འདེད་བྱེད་བཞིན་ཡོད་ཟེར། 

ནེ་ཀྲི་རི་ཡཱའི་ཙུང་ཐུང་པུའུ་ཧཱ་ལི་ཡིས་ཚེས་བརྒྱད་ཉིན་སྤེལ་བའི་གསལ་སྒྲོག་ཅིག་གི་ནང་ཚེ་འདས་ལ་མྱ་ནང་ཞུས་ཡོད་པ་དང་། བདེ་འཇགས་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ནག་ཉེས་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།