ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨ་མེ་རི་ཁའི་དམག་དོན་གནམ་གྲུས་མཚོ་ནག་གི་བར་སྣང་དུ་འགུལ་སྐྱོད་བྱས་ཏེ་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོས་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཉིན་དེར་ཨ་མེ་རི་ཁ་འབོད་བརྡ་བཏང་སྟེ། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཚོ་ནག་མཚོ་ཁོངས་ཀྱི་བར་སྣང་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་དམག་དོན་འགུལ་སྐྱོད་ཀྱིས་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོས་པར་ངོ་རྒོལ་བྱས་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བསྟན་དོན། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་མཐའ་མཚམས་ཉེ་འདབས་ཀྱི་དམག་དོན་བྱ་འགུལ་ལ་ཤུགས་སྣོན་བྱས་པ་དང་། འཐབ་འཛིང་གནམ་གྲུའི་འཕུར་སྐྱོད་ཐེངས་གྲངས་ཇེ་མཐོར་སོང་བ་དང་ཉེན་ཁའི་མཚོ་དམག་གྲུ་གཟིངས་རུ་ཁག་གི་སྦྱོང་བརྡར་སྤེལ་བར་མ་ཟད། ཉེ་སྔོན་ད་རུང་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུར་དཀྲུག་འཕེན་བྱ་སྤྱོད་སྤེལ་ནས་དམངས་སྤྱོད་མཁའ་འགྲུལ་དང་ཚེ་སྲོག་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་མའོ་སི་ཁི་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ལ་འབོད་བརྡ་བཏང་སྟེ་གཏུམ་སྤྱོད་དེ་འདྲའི་ཉེན་ཁའི་མཇུག་འབྲས་ཐད་ནས་ཉེན་བརྡ་བཏང་ཡོད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དམག་དོན་གནམ་གྲུས་སྐུད་མེད་འཕྲིན་གཏོང་བྱས་མེད་པ་དང་། འཕུར་སྐྱོད་འཆར་གཞི་འདོན་སྤྲོད་བྱས་མེད་ལ། བར་སྣང་འགྲིམ་འགྲུལ་དོ་དམ་གྱི་ཆོག་མཆན་ཐོབ་མེད་པའི་གནས་ཚུལ་འོག་ཏུ་འཕུར་སྐྱོད་བྱེད་པ་ནི་ཉེན་ཁ་ཆེ་ཞིང་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ། དེ་ལས་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་པར་མ་ཟད། རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཆིངས་ཀྱི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞན་པར་འགལ་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་དཀྲུག་འཕེན་བྱ་སྤྱོད་ལ་རྒོལ་ལན་སྤྲོད་པའི་ཁེ་དབང་སོར་འཇོག་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་བདེ་འཇགས་འགན་སྲུང་གནད་དོན་ཐད་ནས་ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཏེ། ཆབ་སྲིད་དང་དམག་དོན་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་བཏང་ནས། བར་སྣང་དང་མཚོ་ཐོག་ཏུ་ཉེན་ཁའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།