ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་སྲིད་པར་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བརྒྱད་ཉིན་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་དེ་ཨུ་རུ་སིའི་འཐབ་ཇུས་བདེ་འཇགས་ལ་འབྲེལ་བ་ཡོད་པས། ཨུ་རུ་སི་ཡིས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་བརྒྱད་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་སོ་ཆི་ནས་འཚམས་འདྲིར་ཡོང་བའི་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་དང་གྲོས་མོལ་བྱས། ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ཅིང་། ཕྱོགས་གང་རུང་བར་དགྲ་རུ་འགྱུར་འདོད་མེད་ཀྱང་། རང་སྟེང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་དབང་ཆ་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་མང་བོར་བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་དང་བཅས་པའི་ས་ཁུལ་བརྒྱུད་དེ་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་བྱ་སྤྱོད་དང་ལེན་བྱེད་མི་སྲིད་པ་དང་། དེ་ནི་ཨུ་རུ་སིའི་དུས་ཡུན་རིང་འབྲིང་གི་བདེ་འཇགས་དང་འཐབ་ཇུས་ཀྱི་མ་འོངས་པའི་གནད་དོན་ལ་འབྲེལ་བ་ཡོད་པ་མངོན་གསལ་གྱིས་བསྟན་ཡོད་ཟེར། རྒྱལ་ཁབ་གང་ཡིན་ཡང་གཞན་གྱི་ཚབ་བྱེད་ཐུབ་པའི་ཐབས་ཀྱིས་རང་སྟེང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་དབང་ཆ་ཡོད་ཀྱང་། བྱེད་ཐབས་དེ་རིགས་ཀྱིས་རྒྱལ་ཁབ་གཞན་པའི་ཁེ་ཕན་དང་རྒྱལ་ཁབ་གཞན་པའི་བདེ་འཇགས་ལ་གནོད་སྐྱེལ་མི་རུང་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། འདས་པའི་ལོ་ངོ་བཅུའི་ནང་། ཨུ་རུ་སིའི་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་སྒྲིག་ཆས་སྔར་བཞིན་ཨུ་རུ་སིའི་མཐའ་མཚམས་དང་ཉེ་སར་བཀོད་སྒྲིག་བྱས་ཡོད། ཕོ་ལན་དང་རོ་མཱ་ནི་ཡཱ་རུMK-41རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་གལ་ཏེ་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་རྗེས་ཝུའུ་ཁི་ལན་དུ་ཡང་དམག་དོན་སྒྲིག་ཆས་བཀོད་སྒྲིག་བྱེད་པའི་སྣང་ཚུལ་འབྱུང་སྲིད་པར་བསམ་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་སེམས་ཁུར་མི་བྱེད་ཐབས་མེད་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།