ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མན་དང་སོ་ཏི་ཨ་རབ་ཀྱིས་ཆབ་སྲིད་བྱེད་ཐབས་ལ་བརྟེན་ནས་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་པར་ཡིད་འཐད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མན་གྱི་འགོ་ཁྲིད་པ་ཧེ་སེ་མུའུ་ཡིས་ཚེས་བདུན་ཉིན་རྒྱལ་ས་མཱ་སི་ཁཱ་ཐི་ནས་འཚམས་འདྲིར་ཡོང་བའི་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ནང་བསྟན་དོན། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཡེ་མིན་གྱི་ཉམས་ཉེན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པར་ཡིད་འཐད་བྱུང་། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕྱོགས་ཡོངས་ནས་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཆབ་སྲིད་ཇུས་གཞི་འཚོལ་ཞིབ་བྱས་ཏེ་ཡེ་མིན་མི་དམངས་ཀྱིས་མྱོང་བཞིན་པའི་དཀའ་སྡུག་ཇེ་ཉུང་དུ་གཏོང་བར་ཡིད་འཐད་བྱུང་། ཕྱོགས་ཡོངས་ནས་ཆབ་སྲིད་ལ་བརྟེན་ནས་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་པ་དེས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་འདོད་བློ་དང་ཡེ་མིན་རྒྱལ་ཡོངས་གྲོས་མོལ་གྲོས་ཚོགས་ཀྱི་མཇུག་འབྲས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གཅིག་དྲུག་དང་སོ་ཏི་ཨ་རབ་ཀྱིས་བཏོན་པའི་ཡེ་མིན་གྱི་ཉམས་ཉེན་མཇུག་སྒྲིལ་བའི་འདོད་བློ་བཅས་རྨང་གཞིར་བྱས་ཡོད། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མདུན་ལྗོངས་དང་རྣམ་པར་གྲོས་བསྡུར་བྱས་པ་དང་། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་མཉམ་ལས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཁྱབ་ཁོངས་ཀྱི་མཉམ་ལས་གོ་སྐབས་འཚོལ་ཞིབ་གང་ལེགས་བྱེད་པའི་ཞོར་དུ། རྒྱལ་ཁབ་གཉིས་ཀྱི་རྡོ་སྣུམ་ཐོན་རྫས་ཉོ་ཚོང་དང་གློག་ནུས། ཡང་བསྐྱར་བེད་སྤྱད་ཆོག་པའི་ནུས་ཁུངས། ལག་རྩལ་གཞན་པའི་ཁྱབ་ཁོངས་ཀྱི་མཉམ་ལས་བཅས་ལ་ཤུགས་སྣོན་བྱེད་དགོས་པ་ནན་གྱིས་བསྟན། 

ཕྱོགས་གཉིས་ཀྱི་མཉམ་འབྲེལ་གསལ་སྒྲོག་ལས་ད་རུང་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་གཉིས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་བདུན་བརྒྱ་དང་ཉེར་ལྔ་ཡོད་པའི་ཨ་མན་དང་སོ་ཏི་ཨ་རབ་ཀྱི་གཞུང་ལམ་གསར་པར་རླངས་འཁོར་ཤར་གཏོང་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།