ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨུ་རུ་སིའི་འགོ་ཁྲིད་པས་བརྙན་རིས་གྲོས་མོལ་སྤེལ་ཏེ་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་བརྙན་རིས་གྲོས་མོལ་སྤེལ་ཏེ། གཙོ་བོ་ཝུའུ་ཁི་ལན་གྱི་གནས་བབ་དང་དེ་མིན་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་གནས་པའི་གནད་དོན་ལ་གྲོས་བསྡུར་བྱས། 

ཕོ་བྲང་དཀར་པོས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་བརྙན་རིས་གྲོས་མོལ་དུས་ཚོད་གཉིས་ཙམ་འགོར་ཡོད་ཟེར། ཕོ་བྲང་དཀར་པོས་གྲོས་མོལ་བྱས་རྗེས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། པེད་ཏིན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་དེའི་ཡོ་རོབ་གླིང་གི་མནའ་མཐུན་གྲོགས་པོས་ཨུ་རུ་སིས་ཝུའུ་ཁི་ལན་དང་ཉེ་བའི་མཐའ་མཚམས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དམག་དོན་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་བའི་འགུལ་སྐྱོད་སྤེལ་ན། ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོའི་སྟོབས་དང་ལྡན་པའི་དཔལ་འབྱོར་བཀག་སྡོམ་དང་རྒོལ་ལན་སྤྲོད་པའི་བྱེད་ཐབས་གཞན་པ་སྤྱོད་ངེས་ཡིན་ཟེར། པེད་ཏིན་གྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་ནས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། པེད་ཏིན་དང་ཕུའུ་ཅིན་གྱིས་ད་རུང་ད་ལོའི་ཟླ་བདུན་པར་སུའེ་ཙེར་གྱི་རི་ནེ་ཝ་ནས་མགོ་བརྩམས་པའི་ཨ་མེ་རི་ཁ་དང་ཨུ་རུ་སིའི་འཐབ་ཇུས་གཏན་འཇགས་ཀྱི་གྲོས་མོལ་དང་ཕྱོགས་གཉིས་ཀྱིས་བཙན་བསྡུ་བྱས་པའི་མཉེན་ཆས་ཀྱི་དཔུང་འཇུག་གནད་དོན་ཐག་གཅོད་བྱེད་པའི་གྲོས་མོལ་གྱི་འཕེལ་རིམ་གནས་ཚུལ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་སོགས་ས་ཁུལ་ལས་དོན་གྱི་མཉམ་ལས་ཐད་ནས་འབྲེལ་འདྲིས་བྱས། 

གཞན་ཡང་ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་པེད་ཏིན་གྱིས་བརྙན་རིས་གྲོས་མོལ་ཁྲོད་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་རི་ནེ་ཝའི་གྲོས་མོལ་གྱི་གྲུབ་འབྲས་ལག་བསྟར་བྱས་པའི་གནས་ཚུལ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ། དེ་མིན་ཝུའུ་ཁི་ལན་གྱི་གནས་བབ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་སོགས་ཀྱི་ཐད་ནས་བརྗེ་རེས་བྱས། གཙོ་བོ་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་མེན་སི་ཁིའི་གྲོས་མཐུན་གྱི་ལག་བསྟར་གནས་ཚུལ་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།