ཨར་ཅི་རི་ཡཱ་ཡིས་ཧུར་ཐག་སྒོས་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོའི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཚེས་དྲུག་ཉིན་བསྟན་དོན། ཨར་ཅི་རི་ཡཱ་ཡིས་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་སོ་སོའི་བར་འབྲེལ་འདྲིས་བྱས་ཏེ། ཕཱ་ལེ་སི་ཐན་ཕྱོགས་ཁག་སོ་སོ་ཨར་ཅི་རི་ཡཱ་ནས་སྤེལ་བའི་བཟོད་སྒོམ་རང་བཞིན་ལྡན་པའི་གྲོས་ཚོགས་ལ་ཞུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཐི་པིན་གྱིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་ཐུག་འཕྲད་བྱས། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཐི་པིན་གྱིས་ཕཱ་ལེ་སི་ཐན་གྱི་ཕྱོགས་སོ་སོས་མཐུན་སྒྲིལ་གྱི་བསམ་པས་གྲོས་མོལ་བྱེད་དགོས་པ་དང་། ཨར་ཅི་རི་ཡཱ་ཡིས་ཕཱ་ལེ་སི་ཐན་ཕྱོགས་ཁག་སོ་སོའི་གྲོས་མོལ་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ཆེན་པོ་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། སང་ལོའི་ཟླ་གསུམ་པར་ཨར་ཅི་རི་ཡཱ་ནས་ཨ་རབ་མཉམ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། ཨར་ཅི་རི་ཡཱ་ཡིས་ཧུར་ཐག་སྒོས་ཕཱ་ལེ་སི་ཐན་གནད་དོན་དེ་ཚོགས་ཆེན་གྱི་གྲོས་གཞི་གཙོ་བོའི་གྲས་སུ་འཇོག་རྒྱུ་ཡིན་ཟེར། 

ཐི་པིན་གྱིས་བསྟན་དོན། ཨར་ཅི་རི་ཡཱ་ཡིས་ཕཱ་ལེ་སི་ཐན་ལ་མེ་སྒོར་དུང་ཕྱུར་གཅིག་གི་ཞལ་འདེབས་འབུལ་རྒྱུ་ཡིན་པ་དང་། ཞོར་དུ་ཕཱ་ལེ་སི་ཐན་ཕྱོགས་ཀྱི་ཨར་ཅི་རི་ཡཱ་རུ་སློབ་སྦྱོང་བྱེད་དུ་ཡོང་བའི་སློབ་མ་སུམ་བརྒྱར་བྱ་དགའི་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

ཨ་པཱ་ཡིས་བཤད་རྒྱུར། ཁོས་ཨར་ཅི་རི་ཡཱ་ཕྱོགས་ལ་ཕཱ་ལེ་སི་ཐན་གནས་བབ་ཐད་ཀྱི་གནས་ཚུལ་གསར་བ་མཚམས་སྦྱོར་བྱས་པ་དང་། ཨར་ཅི་རི་ཡཱ་ཕྱོགས་དང་མཉམ་དུ་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་ཡིན་ཟེར། 

ཨ་པཱ་སི་ཚེས་ལྔ་ཉིན་ཨར་ཅི་རི་ཡཱ་རུ་འབྱོར་ནས་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་མགོ་བརྩམས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།