ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་མེ་ལུང་བྱང་ཕྱོགས་ཚོ་ཁག་ས་ཁུལ་དུ་འཁྲུག་རྩོད་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་མེ་ལུང་ས་གནས་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་ཆེན་མོའི་ཉེ་འདབས་སུ་བྱུང་བའི་ཚོ་ཁག་བར་གྱི་འཁྲུག་རྩོད་ལས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་རྨས་ཕོག་ཡོད་ཟེར། 

བྱང་ཕྱོགས་ས་ཁུལ་ཆེན་མོའི་དཔོན་པོ་པཱ་ཁཱ་ལི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། རྩྭ་ར་དང་ཆུ་ཁུངས་འཕྲོད་རྩོད་བྱས་རྐྱེན། ཉ་བདའ་བ་དང་ཕྱུགས་འཚོ་བའི་ཚོ་ཁག་གཉིས་བར་ས་ཁུལ་ཆེན་མོ་དེའི་ཁུའུ་སེ་ལི་གྲོང་རྡལ་ནས་འཁྲུག་རྩོད་བྱུང་། མིག་སྔར་འཁྲུག་རྩོད་དེ་ལས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར། 

པཱ་ཁཱ་ལི་ཚེས་བདུན་ཉིན་དོན་རྐྱེན་བྱུང་སའི་ཡུལ་དུ་སོང་ནས་མང་ཚོགས་དག་ཞི་བདེ་མཉམ་གནས་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ས་དེས་བདེ་འཇགས་དམག་དཔུང་བཀོད་སྒྲིག་བྱས་ཏེ་གནས་བབ་གཏན་འཇགས་སུ་བཏང་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཁཱ་མེ་ལུང་བྱང་ཕྱོགས་ས་ཁུལ་ཆེན་མོའི་མི་རིགས་གྲུབ་ཆ་རྙོག་འཛིང་ཡིན་ལ། ས་ཆུའི་ཐོན་ཁུངས་ལ་ཚད་ཡོད་པ་སོགས་རྒྱུ་རྐྱེན་དབང་གིས་ཚོ་ཁག་བར་དུ་འཁྲུག་རྩོད་རྒྱུན་པར་འབྱུང་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།