ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱི་ཏཱ་ཨར་ཧྥུའུ་ཨར་ནུབ་མ་མངའ་སྡེ་རུ་བསྟུད་མར་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་གྱི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་སུའུ་ཏན་སྨན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ཏཱ་ཨར་ཧྥུའུ་ཨར་ནུབ་མ་མངའ་སྡེ་རུ་ཉེ་སྔོན་བསྟུད་མར་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། 

སུའུ་ཏན་སྨན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐོག་མའི་སྙན་ཞུ་ལས་མངོན་པ་ལྟར་ན། ཏཱ་ཨར་ཧྥུའུ་ཨར་ནུབ་མ་མངའ་སྡེའི་ཅི་ལཱ་ནེ་ཁི་ས་ཁུལ་དུ་ཉེ་སྔོན་བསྟུད་མར་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད། དེའི་ནང་རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

གཞན་ཡང་རོགས་སྐྱོར་རྩ་འཛུགས་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་གྱི་ཡུལ་གྱར་བ་དང་འགྲོ་སའི་ཁྱིམ་མེད་མཁན་གྱི་མཐུན་སྦྱོར་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དྲག་ཆས་མི་སྣས་ཏཱ་ཨར་ཧྥུའུ་ཨར་ས་ནུབ་མ་མངའ་སྡེའི་ཅི་ལཱ་ནེ་ཁི་ས་ཁུལ་གྱི་ས་གནས་མང་ཚོགས་ལ་འཇབ་རྒོལ་བྱས་ཏེ། མི་བཅུ་ཕྲག་འགར་ཤི་རྨས་བཟོས་ཡོད་པ་དང་། འགྲོ་སའི་ཁྱིམ་མེད་མཁན་ཚོའི་སྒར་ས་དང་ས་དེའི་ཚོང་ར་མེར་བསྲེགས་ཟེར། 

མིག་སྔར་སུའུ་ཏན་དཔོན་ཕྱོགས་ཀྱིས་དྲག་ཤུགས་འཁྲུག་རྩོད་ལས་བཟོས་པའི་ཤི་རྨས་མི་གྲངས་ཁྱབ་བསྒྲགས་བྱས་མེད། གཞན་ཡང་བསྒྲགས་པ་ལྟར་ན། སུའུ་ཏན་བར་བརྒལ་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་ཏཱ་ཨར་ཧྥུའུ་ཨར་ནུབ་མ་ས་ཁུལ་གྱི་གནས་བབ་ཐད་ནས་གྲོས་ཚོགས་བསྡུས་ཏེ། ས་གནས་ཀྱི་གནས་བབ་ལ་ཚོད་འཛིན་བྱེད་པར་ཤུགས་སྣོན་པ་དང་། ཟིང་འཁྲུག་སློང་མཁན་གྱི་དྲག་ཆས་ཚོགས་པར་ཆམ་ཕབ་གཏོང་རྒྱུ་མ་ཟད། ཁྲིམས་སྐྱོང་ལ་ཤུགས་སྣོན་དང་ཁྲིམས་འགལ་གྱི་མཚོན་ཆའི་ལྐོག་འཚོང་ལ་ཚད་བཀག་བྱེད་རྒྱུའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།